网站无障碍
གངས་འཁྱག་གི་མཛེས་ལྗོངས་དང་དཀར་མཛེས་ཀྱི་འཕེལ་འགྲོས།
发布时间:2026年02月02日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས

“དར་མདོའི་སྐབས་གཉིས་པའི་གངས་འཁྱག·ཉི་འོད·ཆུ་ཚན་བྱ་འགུལ”སྤེལ་མགོ་ཚུགས་པ་དང་། ཟླ1པོའི་ཚེས14ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཚན་པུའུ་ནས་རྒྱུས་ལོན་ལྟར་ན། ཐེངས་འདིའི་བྱ་འགུལ་ཟླ1པོའི་ཚེས23ཉིན་དར་མདོ་གྲོང་ཁྱེར་མི་རྒོང་མཚོ་ལྗོངས་ཁུལ་ནས་མགོ་ཚུགས་པ་རེད། “དགུན་དུས་བརྩེ་ལྡན་དར་མདོ་རུ་ཡུལ་སྐོར་བྱེད་པ”བརྗོད་དོན་གཙོ་བོ་བྱས་ནས་འཆར་ཡན་དང་ཕུན་སུམ་ཚོགས་པའི་དགུན་དུས་མཉམ་འཛོམས་ནང་དུ་ཞུགས་པར་ཡུལ་སྐོར་པ་གདན་འདྲེན་ཞུས།

དེ་ནི་ལྕགས་ཟམ་ཁ་ནས་ཧྲུའུ་མན་བར་གྱི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁའི་ལམ་དུམ་དུ་རླངས་འཁོར་ཤར་གཏོང་བྱས་རྗེས་དཀར་མཛེས་ཁུལ་གྱི“གངས་འཁྱག་ཡུལ་སྐོར”ཚ་ཚ་འུར་འུར་དུ་གྱུར་བའི་མཚོན་བྱེད་ཡིན།

ཁྲེང་ཏུའུ་ནས་བསྐྱོད་ཚེ་དུས་ཚོད3.5ཡིས་དཀར་མཛེས་ཁུལ་དུང་དཀར་ལུང་བ་ལྗོངས་ཁུལ་དུ་སླེབས་པ་དང་། “ཞོགས་པ་ཁྲེང་ཏུའུ་ནས་བསྐྱོད་པ་དང་ཉིན་གུང་འཁྱག་རོམ་མཐོང་བ”ཞེས་པ་དོན་དངོས་སུ་གྱུར། དཀར་མཛེས་ཁུལ་གྱིས་གངས་འཁྱག་འཛད་སྤྱོད་ཀྱི་ཤོང་ཚད་རྒྱ་སྐྱེད་པ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བྱས། དཀར་མཛེས་ཁུལ་གྱིས་ཅི་ལྟར“མྱུར་བསྐྱོད”ལེགས་ཆ་གཙོ་བོ་བཟུང་ནས“ཡུལ་སྐོར་དལ་མོའི”ཐོན་ལས་གཏོད་པ་དང་། གངས་འཁྱག་ཡུལ་སྐོར་འཛད་སྤྱོད་དང་དཔལ་འབྱོར་འཕེལ་བའི་རྣམ་པར་བསྒྱུར།

“མགྱོགས”དང“དལ”མཐུན་སྦྱོར་བྱས་ནས། སྣ་མང་རོལ་མྱོང་སྐྲུན་ཏེ་ཡུལ་སྐོར་པ་འགུགས་པ།

དུང་དཀར་ལུང་བ་ལྗོངས་ཁུལ་ནི་དཀར་མཛེས་ཁུལ་གྱི་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ནང་གི་གཅིག་ཡིན། ཡུལ་སྐོར་པ་དཀར་མཛེས་ཁུལ་དུ་བསྐྱོད་པའི་ཡུལ་སྐོར་གནས་མཆོག་གཙོ་བོ་ཡིན། འོན་ཀྱང་ལྗོངས་ཁུལ་གྱི་ཡུལ་སྐོར་རོལ་མྱོང་གཅིག་རྐྱང་ཡིན་པས། སྔོན་ཆད་ཡུལ་སྐོར་པ་དུང་དཀར་ལུང་བར་ཡུལ་སྐོར་བྱེད་དུ་ཡོང་ན་སྒར་ས4བ་ནས་པར་བླངས་རྗེས་མྱུར་དུ་ཕྱིར་ལོག་སྟེ་དམིགས་ས་གཞན་པར་བསྐྱོད་པ་རེད།

ཉེ་ལམ། ཁྲོན་ཆིན་གྱི་ཡུལ་སྐོར་པ་ཀྲའོ་ཡོན་ཁྱིམ་མི་གང་བོས་ཉིན3གྱི་དུས་ཚོད་བེད་སྤྱད་དེ་དུང་དཀར་ལུང་བའི་ཡུལ་སྐོར་གསར་བ་ཞིག་རོལ་མྱོང་བྱས་ཤིང་། “ཉིན་དང་པོར་ཆུ་ཚན་ནང་དུ་འཛུལ་པ་དང་། ཉིན་གཉིས་པར་ལྗོངས་ཁུལ་གྱིས་སྤེལ་བའི་གངས་འཁྱག་རྐང་ཐང་འགྲན་སློང་བྱ་འགུལ་ནང་ཞུགས་པ། ཉིན་གསུམ་པར་བྱིས་པ་དང་མཉམ་དུ་དར་བརྐོས་ལ་བལྟས་པ་དང་གངས་ཤུད་བྱས”ཞེས་ཐེངས་འདིར་དུང་དཀར་ལུང་བར་ཡོང་བའི་རོལ་མྱོང“དྲ་ཐོག་ནས་བརྗོད་པ་དང་མི་འདྲ”ཞེས་བརྗོད།

“སྔོན་ཆད་དཀར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་དངོས་གནས་གཅིག་རྐྱང་ཡིན་པས་གཙོ་བོ་ལྗོངས་གཟིགས་གཙོ་བོར་འཛིན་པས་ཡུལ་སྐོར་པ་གནས་དེར་སྡོད་པའི་དུས་ཚོད་ཤིན་རུ་ཐུང”ཞེས་དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་དྲིལ་སྒྲོག་ཁྱབ་གདལ་ཚན་ཁག་གི་ཁའོ་ཀྲང་ཝང་ཁྲོན་ཅང་གིས་དེ་ལྟར་བརྗོད། མཐའ་འཁོར་ས་ཁུལ་དང་བསྡུར་ན་དཀར་མཛེས་ཁུལ་གྱིས་གངས་འཁྱག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཐད་ད་དུང་ཤུགས་སྣོན་དགོས། ཕྱི་རོལ་གངས་ཤུད་ལ་དཔེ་བཞག་ན་ཡང་རྔ་བ་ཁུལ་དུ་བུན་ཁྲོན་ཆའང་མི་ལུང་བའི་གངས་ཤུད་བྱེད་ས་དང་ཅུའུ་ཏུན་རི་བོའི་ཐེ་ཙི་རི་བོའི་གངས་ཤུད་བྱེད་ས་སོགས་ཡོད། ཡིན་ཡང་དཀར་མཛེས་ཁུལ་དུ་མིག་སྔར་ཁྲོམ་ར་དེ་ད་དུང་སྒོ་འབྱེད་མེད་ཅེས་ཟེར། 

རྣམ་པ་སྒྱུར་བ་ནི་ངེས་པར་སྒྲུབ་དགོས་པའི་དོན་ཞིག་ཏུ་གྱུར་ཡོད། དཀར་མཛེས་ཁུལ་གྱིས་རང་འགུལ་ངང་འཕོ་འགྱུར་བྱུང་སྟེ་གངས་འཁྱག་ཡུལ་སྐོར་གངས་གཟིགས་ནས་གངས་རྩེད་དང་ལྗོངས་གཟིགས། རོལ་མྱོང་ཕྱོགས་སུ་རིམ་པ་སྤར་བ་རེད།

ད་ལྟ། དུང་དཀར་ལུང་བས་དར་བརྐོས་བརྗོད་དོན་གཙོ་བོའི་ཡུལ་སྐོར་བྱེད་ས་གཏོད་པ་མ་ཟད། ལྗོངས་ཁུལ་གྱི་སྤྲོ་སྐྱིད་རང་བཞིན་དང་ལྗོངས་གཟིགས་རང་བཞིན་ལ་ཤུགས་སྣོན་བརྒྱབ་པས། དར་མདོ་མི་རྒོང་མཚོ་ལྗོངས་ཁུལ་གྱིས་རྩྭ་ཐང་གི་གངས་རྩེད་སྤྲོ་སྐྱིད་གླིང་གཏོད་བཞིན་ཡོད། གངས་སའི་སྦག་སྦག་འཁོར་ལོ་དང་གངས་སའི་གྲུ། གངས་མི་ལས་པ་སོགས་ཀྱི་ལས་གཞི་ལག་བསྟར་བརྒྱུད། གཅིག་རྐྱང་ལྗོངས་གཟིགས་ནས་ཕྱོགས་བསྡུས་རང་བཞིན་གྱི་འཛད་སྤྱོད་རོལ་མྱོང་རྣམ་པ་རུ་སྒྱུར་བ་རེད། དྲ་གྲགས་གངས་རི་ཡ་ལ་གངས་རིར་སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་ཆོག་པ་ཁྱབ་བསྒྲགས་བྱས་པས། ཡུལ་སྐོར་པ་མང་པོའི་ཡིད་སེམས་དབང་མེད་དུ་བཀུག་པ་རེད།

“འཁྱག”དང“ཚ”སྡེབ་སྒྲིག་བྱས་ནས་ཐོན་རྫས་སྒྲིག་བཀོད་ལེགས་སུ་གཏོང་ཞིང་ཐོན་ལས་སྒུལ་འཕྲུལ་གཏོད་པ།

བྲག་མགོ་རྫོང་ཉི་པ་ཤང་སུ་རྒྱས་གྲོང་ཚོ་རུ་སྤྱིའི་མ་དངུལ་སྒོར་ཁྲི1050བཏང་པའི་ཆུ་ཚན་མགྲོན་ཁང་ལས་གཞི་ཞིག་མགྱོགས་མྱུར་སྐུལ་འདེད་བྱེད་བཞིན་ཡོད་ལ། ད་ལོར་འཛུགས་སྐྲུན་མཇུག་རྫོགས་ཏེ་འཁོར་སྐྱོད་བྱེད་རྩིས་ཡོད། “སུ་རྒྱས་གྲོང་ཚོར་སྤུས་ལེགས་ཀྱི་ཆུ་ཚན་ཐོན་ཁུངས་ལྡན། སྔོན་ཆད་མ་དངུལ་དང་ལག་རྩལ། འཁོར་སྐྱོད་དཔེ་དབྱིབས་ཀྱི་ཚད་བཀག་གིས་དཔལ་འབྱོར་ལེགས་ཆར་སྒྱུར་མ་ཐུབ”ཅེས་བྲག་མགོ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་བརྗོད། ས་གནས་ཀྱིས་ཆུ་ཚན་མགྲོན་ཁང་ལས་གཞི་དེ་ཡུལ་སྐོར་པ་འགུགས་པ་དང་ཞིང་བ་འབབ་འཕར་ཡོང་བའི“ཐོན་སྐྱེད་སྒུལ་འཕྲུལ”དུ་གཏོང་རྒྱུ་རེད།

གངས་འཁྱག་དང་ཆུ་ཚན་སྡེབ་སྒྲིག་བྱེད་པ་དེ་ནི་དཀར་མཛེས་ཁུལ་གྱིས་དགུན་དུས་ཡུལ་སྐོར་ཁྲོམ་ར་གསར་སྤེལ་བྱེད་པའི་ཐོན་ཁུངས་གཙོ་བོ་གཉིས་ཡིན། དཀར་མཛེས་ཁུལ་གྱིས་མིག་སྔར་འཚོལ་ཞིབ་བྱས་པའི་ཆུ་ཚན་གནས200ལྷག་ཡོད། དཀར་མཛེས་རྫོང་ཁོ་ནར་ཆུ་ཚན་མགྲོན་ཁང57གཉེར་བཞིན་ཡོད། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་པ་རྫོང་། འབའ་ཐང་རྫོང་། འདབ་པ་རྫོང་སོགས་ཀྱི་རྫོང་མང་པོས་ཆུ་ཚན་མགྲོན་ཁང་དང་ལྗོངས་ཁུལ་སོགས་སྐྲུན་པ་དང་། ཐོན་རྫས་རབ་དང་རིམ་པ་མགྱོགས་མྱུར་གྲུབ་པ་རེད།

“གངས་འཁྱག+ཆུ་ཚན”གྱི་རྨང་གཞི་སྟེང་དཀར་མཛས་ཁུལ་གྱིས་ལས་རྣམ་མང་པོ་གཏོད། ཝང་ཁྲོན་ཅང་གིས་རྟའུ་རྫོང་ཕྱག་རི་ཤང་གི“ཆུ་ཚན+ཁམས་གསོ”དཔེ་བཞག་ནས་བརྗོད་པ་ན། 2023ལོར་ལས་གཉེར་བྱས་པའི་ཚུན་ཕྱག་རི་ཤང་གི་ཆུ་ཚན་གྱིས་བསྡོམས་པས་ཡོང་འབབ་སྒོར་ཁྲི413ཟིན་པ་དང་། གྲོང་ཚོ4ཐུན་མོང་དཔལ་འབྱོར་འབབ་འཕར་སྒོར་ཁྲི40སྐྲུན། ས་གནས་མང་ཚོགས་ཀྱིས་ཞོར་ལས་ཡོང་འབབ་སྡོམ་གྲངས་སྒོར་ཁྲི72ཟིན་པ་རེད།

“འཁྱག”དང“ཚ”སྡེབ་སྒྲིག་གིས་དཀར་མཛེས་གངས་འཁྱག་ཡུལ་སྐོར་ལོ་གསར་བའི་ནང“རླབས་རིམ་གསར་བ”བསུས། ད་ལོའི་ལོ་གསར་གུང་གསེང་ནང་དཀར་མཛེས་ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི20.68སྣེ་ལེན་བྱས་ནས་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར2.36ཟིན་པ་དང་། དུས་མཉམ་ལས་སོ་སོ22.12%དང26.67%གྱིས་འཕར།

རྒྱུས་ལོན་ལྟར་ན། ད་ལོར་དཀར་མཛེས་ཁུལ་གྱིས་གཙོ་བོ“དུང་དཀར་ལུང་བའི་འཁྱག་རོམ་ནགས་ཚལ་ཆུ་ཚན་ཡུལ་སྐོར”དང“དར་མདོ་ཉི་འོད་ཆུ་ཚན་འཆར་ཡན་ཡུལ་སྐོར”བཅས་ཀྱི་ཆུ་ཚན་ཁམས་གསོ་ལམ་ཐིག་གཏོད་དེ“རབ་མཛེས་འཁྱག་རོམ་ལ་གཟིགས་ཏེ་རྩེ་རིམ་ཆུ་ཚན་ནང་འཛུལ་པ”ཞེས་པའི་བརྗོད་དོན་གཙོ་བོར་བཟུང་ནས་དགུན་དུས་གཏིང་ཟབ་རོལ་མྱོང་རྣམ་གྲངས་སྔར་ལས་མང་པོ་སྤེལ་རྒྱུ་རེད།

“ཡུལ་སྐོར”དང“ལེགས་པོ”བར་གནས་རྣམ་པ་སྒྱུར་བ། ཡུལ་སྐོར་ཞབས་ཞུ་རིམ་སྤར་གྱིས་གངས་འཁྱག་ཡུལ་སྐོར་མང་དུ་གྲགས་པ།

དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། “དགུན་དུས་དཀར་མཛེས་སུ་ཡུལ་སྐོར་བྱེད་པའི”གླེང་མོལ་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་སྤེལ་བཞིན་ཡོད། ལམ་གྱི་གནས་ཚུལ་ཡག་མིན་དང་གློག་གི་རླངས་འཁོར་གློག་གསོག་སྟབས་བདེ་ཡིན་མིན། ས་གནས་དགུན་དུས་ཡུལ་སྐོར་སྣེ་ལེན་ནུས་བ་གང་འདྲ་སོགས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་འགན་སྲུང་ནི་ཡུལ་སྐོར་པ་མང་པོས་ཐུགས་ཁུར་བྱེད་བཞིན་པའི་དོན་ཡིན།

འགྲིམ་འགྲུལ་ཕྱོགས་ནས། གསར་འགོད་པས་དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་རྒྱུས་ལོན་ལྟར་ན། གངས་འཁྱག་ཡུལ་སྐོར་ཡུལ་སྐོར་པ་ཤིན་ཏུ་མང་དུས་རྒྱལ་ལམ318རྒྱུ་ལ་རི་བོ་སོགས་ཀྱི་ལམ་ཐིག་གཙོ་བོ་དང་གཞུང་ལམ་གཙོ་བོར་འགྲིམ་འགྲུལ་ཉེན་རྟོག་པས་མཛུབ་སྟོན་སྐོར་ཞིབ་བྱེད་པ་མ་ཟད། ཤུགས་ཡོད་ཚད་ཀྱིས་གཞུང་ལམ་ཤར་གཏོང་འགན་སྲུང་གིས་དཀར་མཛེས་ཁུལ་ནང་ཁུལ་གྱི་ལྗོངས་ཁུལ་གཞུང་ལམ་དང་སྦྲེལ་བ་ལ་དགུན་དུས་གངས་སེལ་དང་ཤུད་འགོག་སྒྲིག་བཀོད་གྲ་སྒྲིག་བྱས་ནས། འཕྲལ་བསྟུན་ཤར་གཏོང་འགན་སྲུང་ལམ་ལུགས་ལེགས་སུ་བཏང་པ་རེད།

“སྔར་ལས་ལྷག་པའི་ངང་དཀར་མཛེས་ཁུལ་ཡོངས་ཀྱི་ཞབས་ཞུ་སྒྲིག་བཀོད་རིམ་སྤར་ངེས་པར་བྱེད་དགོས”ཞེས་ཝང་ཁྲོན་ཅང་གིས་དེ་ལྟར་བརྗོད། ད་ལོར་དཀར་མཛེས་ཁུལ་གྱིས་སྔར་ལས་ལྷག་པའི་ངང་ཡུལ་སྐོར་གསང་སྤྱོད་དགུན་དུས་སྒྲིག་བཀོད་འཛུགས་སྐྲུན་གཏིང་ཟབ་བཏང་ནས། ས་བབ་མཐོ་སའི་གསང་སྤྱོད་ཁང་གི་འཁྱག་འགོག་དྲོད་འཛིན་སྒྱུར་བཅོས་ཕྱོགས་ཡོངས་སུ་ཁྱབ་པར་འགན་སྲུང་དང་། མཐོ་སྒང་ས་ཚིགས་ཀྱི་ཞབས་ཞུ་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་ཀྱིས་དགུན་དུས་དྲོད་ལེན་དང་འཕྲལ་བསྟུན་མཁོ་འདོན་སོགས་ཀྱི་ནུས་བ་སྐྲུན།

དུས་མཚུངས་སུ། ཡུལ་སྐོར་པས་སེམས་བདེ་བའི་ངང་ཁ་ཟས་རོལ་པ་དང་། སྡོད་སྐྱིད་པའི་ཕྱིར་དཀར་མཛེས་ཁུལ་གྱིས་ཕྱོགས་ཡོངས་ནས་ཁུལ་ནང་གི་ཟ་ཁང་དང་མགྲོན་ཁང་ཁེ་ལས་དགུན་དུས་ལས་གཉེར་གནས་ཚུལ་གཅིག་གྱུར་བྱས་ནས། གང་ལ་གང་འཚམ་གྱི་སྲིད་ཇུས་ཀྱིས་མགྲོན་ཁང་དང་ཟ་ཁང་། ཡུལ་སྐོར་མགྲོན་ཁང་སོགས་ཀྱིས་རྒྱུན་ལྡན་ངང་གཉེར་ཐུབ་པ་དང་། དུས་ཐོག་ཏུ་དགུན་དུས་ཡུལ་སྐོར་རིང་གི་རྒྱུན་ལྡན་ཚོང་གཉེར་གྱི་མགྲོན་ཁང་ཁེ་ལས་མིང་དང་གཟིགས་སྐྱོང་རིན་གོང་། ཡུལ་སྐོར་པ་ཤོང་ཚད་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས།

ཞབས་ཞུ་འགན་སྲུང་རྨང་གཞི་བརྟན་དུ་བཏང་སྟེ“ཡུལ་སྐོར”རོལ་མྱོང“ལེགས་པོ”གཏོང་ཆེད། དཀར་མཛེས་ཁུལ་གྱིས་ཉེ་ལམ་སྲིད་ཇུས་ཡག་པོ་རབ་དང་རིམ་པ་འདོན་པའི་འཆར་གཞི་བཟོ་བཞིན་ཡོད། ཤུགས་ཆེན་པོས“ནང་དུ་བསུ་བའི”ཚོང་གཉེར་སྐུལ་སློང་ཐབས་ཇུས་ཀྱིས་ཁྲོམ་རའི་གསོན་ཤུགས་རྒྱས་པ་རེད།

“ཟླ་དང་པོའི་ཟླ་མཇུག་ཏུ་ཡུལ་སྐོར་ཚོགས་པའི་འགན་ཁུར་མི་སྣ1100རྐང་འཛིན་ཡུལ་སྐོར་སྣེ་ཁྲིད་པ500བཀོད་སྒྲིག་བྱས་ནས་ཁྲེང་ཏུའུ་རུ་མངགས་ཏེ་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ནང་ཞུགས་པ་རེད”ཅེས་ཝང་ཁྲོན་ཅང་གིས་དེ་ལྟར་ངོ་སྤྲོད་བྱས། ད་ལོར་དཀར་མཛེས་ཁུལ་གྱིས་ཁུལ་ནང་གདན་འདྲེན་ཞུ་ནས་ཚད་གཞི་ལོན་པའི་ཡུལ་སྐོར་ཚོགས་པར་དགའ་རྟགས་སྤྲོད་རྒྱུ་དང་། ཞིང་ཆེན་ཕྱི་རོལ་ནས་བོགས་བླངས་གནམ་གྲུ་རྩ་འཛུགས་བྱས་པའི་ཚོགས་པར་གནམ་ཐེངས་རེར་གསབ་དངུལ་སྤྲོད་རྒྱུ་རེད། །