网站无障碍
རྨ་ལྷོ་རུ་རྟ་ཐོག་མེ་གསོད་དྲིལ་སྒྲོག་ཞབས་འདེགས་རུ་ཁག་ཅིག་ཡོད།
发布时间:2026年02月05日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



 ཟླ2པའི་ཚེས2ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་གསོད་རོགས་སྐྱོར་ཡན་ལག་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མེ་གསོད་རོགས་སྐྱོར་རུ་ཆེན་གྱིས་མེ་གསོད་བདེ་འཇགས་དྲིལ་སྒྲོག་གི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱ་ཆེད། རྟ་ཐོག་མེ་གསོད་དྲིལ་སྒྲོག་ཞབས་འདེགས་རུ་ཁག་གསར་དུ་བཙུགས་ཏེ། བར་ཐག་མེད་པའི་སྒོ་ནས་དགུན་དུས་ཀྱི་མེ་གསོད་བདེ་འཇགས་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་འབྲོག་པ་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་སྐྱེལ་བར་སྲུང་སྐྱོང་ནན་མོ་བྱས།

རྨ་ལྷོ་སོག་རྫོང་མེ་གསོད་རོགས་སྐྱོར་རུ་ཆེན་གྱི་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། མཐའ་ཡས་པའི་རྩྭ་ཐང་དང་འདམ་བག་གིས་ཁེངས་པའི་བགྲོད་ལམ་ཁག་ཏུ། མེ་གསོད་རུ་ཁག་གི་རུ་མི་རྣམས་རྟ་ལ་ཞོན་ཅིང་མེ་གསོད་དྲིལ་སྒྲོག་ལག་དེབ་དང་། སྐད་གཉིས་བརྡ་ཁྱབ་ཡི་གེ་སོགས་རྒྱུ་ཆ་ཁྱེར་ཏེ་འབྲོག་ས་སོ་སོ་དང་དགུན་དུས་ཀྱི་འཚེར་ས་གང་མང་དུ་སོང་ནས་མེ་གསོད་བདེ་འཇགས་ཞབས་ཞུ་བཟང་བོ་འབྲོག་པའི་སྦྲ་ནང་དུ་བསྐྱལ།

དུས་མཚུངས་སུ། རུ་མི་རྣམས་ཀྱིས“སྒོ་རྡུང་བའི་རྣམ་པས”གྲལ་བཤེར་གྱི་ལས་དོན་སྤེལ་བ་དང་། སྦྲ་ནག་དང་རྩྭ་ཁང་སོགས་གནས་ཡུལ་གཙོ་བོ་དག་ལ་རིམ་པ་བཞིན་ཞིབ་བཤེར་བྱས་ཤིང་། གསར་རྙེད་བྱུང་བའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པའི་བསམ་ཚུལ་བཏོན་པ་དང་། མང་ཚོགས་ཀྱིས་མྱུར་དུ་བཟོ་བཅོས་བྱེད་པར་མཛུབ་སྟོན་བྱས།

“དྲིལ་སྒྲོག་རུ་ཁག་གིས་རྟ་ཞོན་ནས་སྒོ་ཁར་འགྲེལ་བཤད་བྱེད་དུ་ཡོང་བ་མ་ཟད། ང་ཚོར་བག་ཉལ་ཉེན་ཁ་ཞིབ་བཤེར་བྱེད་རོགས་བྱས། ”འབྲོག་པ་མང་ཚོགས་ཀྱིས་དེ་ལྟར་གཅིག་རྗེས་གཉིས་མཐུད་ངང་བསྟོད་པའི་མཐེ་བོང་སྒྲེང་། ཐེངས་འདིའི་བྱེད་སྒོ་ཡིས་མེ་གསོད་བདེ་འཇགས་རྒྱུན་ཤེས་གནད་འཁེལ་ངང་འབྲོག་སར་བསྐྱལ་བས་རུ་མི་དང་མང་ཚོགས་བར་གྱི་བར་ཐག་ཇེ་ཉེ་རུ་བཏང་།

རྨ་ལྷོ་མེ་གསོད་རུ་ཁག་གིས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་རྟ་ཐོག་གི་དྲིལ་སྒྲོག་རྣམ་པར་བརྟེན་ནས་རོང་འབྲོག་ཁུལ་གྱི་དགུན་དུས་ཀྱི་མེ་གསོད་བདེ་འཇགས་ལྕགས་རི་ངེས་པ་དོན་གྱིས་བརྟན་པོར་བཟོས། །