网站无障碍
རྫ་ཆུའི་མགོ་ཁོངས་སུ་རི་ཀླུང་བརྟན་སྲུང་བྱེད་པ།
发布时间:2026年02月06日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་གི་གངས་རི་དང་གྲོག་རོང་ཟབ་སར་ཚེ་བརྟན་དང་ཀུན་དགའ་གཉིས་ཀྱིས་རི་ཀླུང་བརྒལ་ཞིང་སྤང་ལྗོངས་སུ་རྒྱུ་པ་དང་། སྐྱེ་ཁམས་སྐོར་ཞིབ་བྱེད་ཞོར་པར་ལེན་བཞིན་ཡོད། གནས་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ལྟེ་གནས་ཁུལ་ཡིན། ཁོ་ཚོ་ནི་འབྲོག་པ་ཡིན་པ་མ་ཟད་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ཡང་ཡིན་ལ། ཕ་ཡུལ་གྱི་རི་ཆུ་དང་རི་སྐྱེས་སྲོག་ཆགས་ལ་པར་ལེན་པའི་པར་བའང་ཡིན།

2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་བྱེད་མགོ་བརྩམས་ཤིང་། “ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་སྤྱི་ཕན་ལས་གནས་ལམ་སྲོལ་ལ་བརྟེན་ནས་ཚེ་བརྟན་དང་ཀུན་དགའ་གཉིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣར་གྱུར། ཁོ་གཉིས་ཀྱིས་ཕྱོགས་གཅིག་ནས་གད་སྙིགས་འཐུ་བ་དང་ཆུ་ཁུངས་ལྟ་ཞིབ་ཚད་འཇལ། སྔོ་ཁེབས་ལ་རྟོག་ཞིབ་བྱེད་པ། ཕྱོགས་གཞན་ཞིག་ནས་པར་མིག་བརྒྱུད་དེ་རི་སྐྱེས་སྲོག་ཆགས་གསའ་དང་གནའ་བ་སོགས་ཀྱི་གཟུགས་བརྙན་ཟིན་ཐོར་བཀོད། ལོ་ངོ་བཅུའི་རིང་གི་སྐོར་ཞིབ་བགྲོད་ལམ་ཁྲོད་ཁོ་གཉིས་ཀྱི་རྐང་རྗེས་ཕ་ཡུལ་གྱི་རྩྭ་ཐང་དང་ཆུ་འགྲམ་དུ་རྒྱུ་ཞིང་། ལག་ནང་གི་པར་མིག་གིས་ནམ་ཡང་ས་གཞི་འདིའི་སྲོག་ཆགས་དང་འཕོ་འགྱུར་མངོན། ཚེ་བརྟན་དང་ཀུན་དགའ་ཡིས2013ལོ་དང2018ལོ་ནས་བཟུང་པར་ལེན་ཚུལ་སློབ་པ་ཡིན། ཚེ་བརྟན་གྱིས་བཤད་རྒྱུར། “ང་རང་གི་ཕ་ཡུལ་ལ་ཤིན་ཏུ་དགའ་བས། མི་སྔར་ལས་མང་པོར་ཕ་ཡུལ་གྱི་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་གསའ་སོགས་སྟོན་འདོད་ཡོད”ཟེར།

ཁོ་ཚོས་བརྟན་སྲུང་བྱེད་བཞིན་པའི་མཐོ་སྒང་ལ་རིམ་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད། རི་སྐྱེས་སྲོག་ཆགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རྩྭ་ཐང་གི་གད་སྙིགས་མཐོང་དཀོན་པ། རྫ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་རི་མོ་སྔར་ལས་གསོན་ཤུགས་ལྡན་པ་ཞིག་རེད།