ཕྱིར་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་དགོས།
ང་ཚོ་མི་རེ་རེ་ཕྱོགས་བཞི་མཚམས་བརྒྱད་ནས་ལ་དང་ལུང་བ་བརྒལ་ཏེ། ཆུ་དང་གཙང་བོ་བསྐྱུར་ནས་རང་རང་གི་ཕ་ས་ཕ་ཡུལ་དུ་སྙེག་ནས་ཡོང་ཞིང་། དུད་ཁྱིམ་ཁྲི་སྟོང་མང་པོའི་ཁྱིམ་མི་ལྷན་འཛོམས་བྱུང་སྟེ། དཔྱིད་གསར་དུས་ཆེན་ལ་རོལ་ནས་ལོ་རྙིང་བ་ཞིག་ཕར་ལ་བསྐྱལ་ཞིང་། ལོ་གསར་པ་ཞིག་གི་མདུན་ལྗོངས་བསུས་ནས་ཏན་ཏན་ཉིན་བདུན་འདས་སོང་། ད་ནི་ང་ཚོ་སླར་ཡང་རང་གི་ལས་གནས་སུ་ལོག་ནས་བྱ་བ་གང་ཞིག་གི་མགོ་རྩོམ་དགོས་པའི་དུས་ལ་བབས་འདུག་པས། ལམ་བར་གྱི་བདེ་འཇགས་ལ་གཟབ་གཟབ་བྱ་རྒྱུ་ནི་ཁྱིམ་ཕ་མ་དང་ནང་ཕུ་ནུའི་སེམས་ཀྱི་རེ་འདུན་ཉག་ཅིག་ཡིན་ཕྱིར། གཤམ་ནས་ལམ་གྱི་བདེ་འཇགས་ཐད་ལ་དོ་སྣང་བྱ་དགོས་པའི་དོན་ཚན་འགའ་གསལ་འདེབས་བྱ་སྟེ།

གནམ་གཤིས་ངན་པར་གཟབ་ནན་གྱིས་རླངས་འཁོར་བསྐོར་དགོས།
ཕྱིར་ལོག་པའི་སྔོན་ལ་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ། ཕྱིར་ལོག་པའི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱ་དགོས། རླངས་འཁོར་བསྐོར་ནས་ཕྱིར་ལོག་པའི་ལམ་དུ་གནམ་གཤིས་ངན་པ་དང་འཕྲད་ཚེ། བློ་སེམས་གཅིག་སྒྲིལ་ངང་མདུན་གྱི་རླངས་འཁོར་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་དགོས་ལ། མྱུར་དུ་ཇེ་མགྱོག་ཏུ་གཏོང་བ་དང་། མྱུར་དུ་འཁོར་བཀག་བྱེད་པ། མྱུར་དུ་ཁ་ཕྱོགས་བསྒྱུར་བ་བཅས་མི་བྱེད་པར། རླངས་འཁོར་གཞན་དང་གདོང་གཏུག་རྒྱག་པ་སོགས་སྔོན་འགོག་བྱ་དགོས།

སྐྱོབ་ཐག་ནི་ཚེ་སྲོག་སྐྱོབ་པའི་ཐག་པ་ཡིན།
རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་སྐྱོབ་ཐག་རྒྱག་པ་ལས་གཞན། འགྲུལ་བ་རྣམས་ཀྱིས་ཀྱང་སྐྱོབ་ཐག་རྒྱག་དགོས་ལ། བྱིས་པར་ལོ་ཚོད་དང་། གཟུགས་པོ། ལུས་པོའི་ལྗིད་ཚད་བཅས་དང་འཚམ་པའི་བྱིས་པའི་བདེ་འཇགས་རྐུབ་སྟེགས་འདེམ་དགོས། བྱིས་པ་པང་དུ་འཛིན་པ་དང་ཡང་ན་ཁ་ལོ་བ་གཞོན་པའི་སྡོད་གནས་སུ་སྡོད་དུ་འཇུག་པ། ཡང་ན་ལངས་ནས་འགྲོ་བ་སོགས་བྱེད་མི་རུང་།

ཆང་འཐུང་རྗེས་རླངས་འཁོར་བསྐོར་མི་རུང་།
ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་དེ། ཆང་བཅུད་ལ་སྦྲིད་པའི་ནུས་པ་ཡོད་པས། མིའི་ལག་པ་དང་རྐང་བའི་རེག་ཚོར་ཇེ་དམའ་རུ་འགྲོ་བས། སྣུམ་སྒོ་དང་། བཀག་ཟྭ། ཁ་སྒྱུར་འཁོར་ལོ་བཅས་རྒྱུན་ལྡན་ལྟར་ཚོད་འཛིན་བྱེད་མི་ཐུབ་ལ། དེ་དང་ཆབས་ཅིག་བརྡར་ཤ་གཅོད་པའི་ནུས་པ་དང་ཚོད་འཛིན་གྱི་ནུས་པ་ཡང་ཇེ་དམའ་རུ་འགྲོ་སྲིད་པས་རླངས་འཁོར་དོན་རྐྱེན་འབྱུང་སླ།

རྣམ་རིག་གསལ་པོས་རླངས་འཁོར་བསྐོར་དགོས།
ལམ་ཐག་རིང་བོར་རླངས་འཁོར་བསྐོར་ན་ནུས་ཤུགས་ངེས་ཅན་ཞིག་གཏོང་དགོས་ཕྱིར། ཁ་ལོ་བ་རྣམས་ཀྱིས་ལུགས་མཐུན་ངང་ངལ་གསོ་བཀོད་སྒྲིག་བྱས་ཏེ། གཉིད་འདང་ངེས་ཡོང་བར་ཁག་ཐེག་བྱེད་དགོས། མཚན་མོར་རླངས་འཁོར་བསྐོར་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་བསྐོར་བ། ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་སོགས་གཏན་ནས་བྱེད་མི་རུང་། བསྟུད་མར་ཆུ་ཚོད4ལ་རླངས་འཁོར་བསྐོར་རྗེས་བདེ་འཇགས་ཀྱི་ས་གནས་བདམས་ནས་རླངས་འཁོར་དུ་བསྡད་ནས་སྐར་མ20ཡན་ལ་ངལ་གསོ་བྱེད་དགོས།