ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྐབས་བཅུ་གཅིག་པའི་ཁམ་བུའི་མེ་ཏོག་དུས་ཆེན་མི་འགྱངས་པར་སྤེལ་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བྱང་ཐང་རྩྭ་ཐང་གི་གངས་འཁྱགས་རིམ་བཞིན་ཞུ་བ་དང་བསྟུན་ནས་བོད་བྱང་རྒྱུད་ཀྱི་ས་གཞི་ཆེན་མོར་དཔྱིད་རླུང་ལྡིང་བྱུང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྐབས་བཅུ་གཅིག་པའི་ཁམ་བུའི་མེ་ཏོག་འདུ་ཚོགས་གཟབ་རྒྱས(སྙེའུ་ཁམ་བུའི་མེ་ཏོག་དུས་ཆེན)ཟླ4པའི་ཚེས1ཉིན་ནས་ཟླ4པའི་ཚེས3ཉིན་བར་ལྷ་རི་རྫོང་གྲོང་ཡུལ་ཤང་དུ་སྤེལ་རྒྱུ་རེད།

ལྷ་རི་རྫོང་སྙེའུ་ཤང་ལ“བོད་བྱང་རྒྱུད་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཆུང་ངུ”དང“རང་བྱུང་གི་དབྱང་ཤག”ཅེས་པའི་མཚན་སྙན་ལྡན་པ་དང་། དེ་གའི་ཆ་སྙོམས་མཚོ་འཕགས་སྨི3100ཟིན་པ་དང་བོད་ཤར་རྒྱུད་ཀྱི་ཡིད་འོང་གཙང་པོའི་གྲོག་རོང་ཆེན་པོ་མངའ་ཁོངས་བརྒྱུད་ནས་བཞུར་གྱིན་ཡོད་པས་དྲོན་མོ་དང་བརླན་བཤེར་གྱི་ཐུན་མོང་མ་ཡིན་པའི་གནམ་གཤིས་གྲུབ་ཡོད། དེ་གར་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་གཅིག་བསྡུས་ཡུག་འབྲེལ་རི་སྐྱེས་ཁམ་སྡོང་ནགས་སྐྱེ་འཚར་བྱུང་ཡོད་པས། དཀར་དམར་མེ་ཏོག་གི་རྒྱ་མཚོ་རི་ཀླུང་ཀུན་ཏུ་ཁྱབ་ནས་གཡའ་དག་པའི་གནམ་མཁའ་དང་ཁ་བ་དཀར་པོ། གནའ་ཉམས་བབ་ཆགས་ཀྱི་བོད་སྡེ་བཅས་ཀྱི་ཕན་ཚུན་གཅིག་ལ་གཅིག་བརྒྱན་བྱས་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་དཔྱིད་དུས་ཀྱི་རི་མོ་ཞིག་གྲུབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་དེ། གཅིག་ནི་ལོ་ངོ་སྟོང་གི་ཁམ་བུའི་མེ་ཏོག་ནགས་ཚལ་དུ་འཆམ་འཆམ་བྱས་ནས་མེ་ཏོག་གི་རྒྱ་མཚོའི་ཁྲོད་དཔྱིད་དུས་ཀྱི་བསིལ་རླུང་མྱོང་ཚོར་བྱེད་པ། གཉིས་ནི་དམངས་སྲོལ་རིག་གནས་ཉམས་ལེན་བྱས་ནས་ཁྱད་ལྡན་རིག་རྩལ་འཁྲབ་སྟོན་ལ་ལྟ་བ། གསུམ་ནི་ཁྱད་ལྡན་བཀྲམ་འཚོང་ཉུལ་ནས་མཐོ་སྒང་གི་ཞིམ་ཟས་རོལ་མྱོང་དང་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་འདེམ་ཉོ་བྱེད་པ་བཅས་སོ། ཡུལ་སྐོར་བས་ད་དུང་གཡི་དཀར་འཁྱགས་རོམ་སོགས་རང་བྱུང་མཛེས་ལྗོངས་ཁུལ་ལ་ལྟ་སྐོར་བྱས་ཏེ། བོད་བྱང་རྒྱུད་ཀྱི་ཁྱད་དུ་འཕགས་པའི་རང་བྱུང་གི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་ཆོག

ཟླ་བཞི་བ་འདིར་ང་ཚོ་སྙེའུ་རུ་ལྷན་འཛོམས་བྱུང་ནས་བོད་བྱང་རྒྱུད་ཀྱི་གངས་རིའི་འདབས་དང་ཁམ་བུའི་ནགས་གསེབ། གྲོག་རོང་འགྲམ་དུ་དཔྱིད་དུས་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་གསོལ་སྟོན་གཟབ་རྒྱས་ནང་ཞུགས་ཏེ་སྙེའུ་ཤང་གི་མཇེས་ཉམས་ལ་རོལ་མྱོང་ཅི་དགར་བྱའོ། །
