སི་ཁྲོན་བོད་ཁུལ་དུ་མེ་ཏོག་ལ་གཟིགས་པའི་དུས་སུ་སླེབས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པར་འདི་ནི་སྡེ་རོང་གི་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་རེད།

པར་འདི་ནི་མངར་ཁམ་མེ་ཏོག་རབ་ཏུ་བཞད་པ་དང་ཡུལ་སྐོར་པ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་མངར་ཁམ་མེ་ཏོག་རབ་ཏུ་བཞད་པའི་མཛེས་ལྗོངས་རེད།

པར་འདི་ནི་ཁ་མདོག་གློ་ཁའི་མེ་ཏོག་གི་རྒྱ་མཚོ་དང་རྟའུ་རྫོང་བོད་གྲོང་རེད།

པར་འདི་ནི་རོང་བྲག་གི་མཁར་རྫོང་དང་ལི་སྡོང་མེ་ཏོག་རེད།

པར་འདི་ནི་རྟའུ་རྫོང་གི་མངར་ཁམ་མེ་ཏོག་གསེང་དུ་མི་རིགས་གྱོན་གོས་ཀྱིས་བརྒྱན་པའི་བུ་མོ་ཞིག་གིས་མེ་ཏོག་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་རྟའུ་རྫོང་གི་བོད་གྲོང་དང་རབ་ཏུ་བཞད་པའི་མངར་ཁམ་མེ་ཏོག་རེད།

པར་འདི་ནི་རོང་བྲག་གི་ལི་སྡོང་མེ་ཏོག་བོད་གྲོང་ཡོངས་སུ་ཁྱབ་པའི་རྣམ་པ་རེད།
དཔྱིད་རླུང་འཇམ་པོ་དཀར་མཛེས་མཐོ་སྒང་དུ་རྒྱུ་བས་མེ་ཏོག་སྣ་ཚོགས་ཀྱང་རབ་ཏུ་བཞད་པའི་དུས་སུ་སླེབས། སྡེ་རོང་དང་རོང་བྲག རྟའུ་རྫོང་བཅས་ཀྱི་བོད་ཁུལ་ནི་མེ་ཏོག་གཟིགས་པའི་གནས་མཆོག་ཏུ་གྱུར། ལོ་རེའི་དཔྱིད་ཟླ3པ་ནས4བའི་བར་དུ་གནས་དེ་དག་གི་མེ་ཏོག་རབ་ཏུ་བཞད་པ་རེད། དེ་རུ་ཁམ་བུའི་མེ་ཏོག་དང་ལི་སྡོང་མེ་ཏོག མངར་ཁམ་མེ་ཏོག་བཅས་ཡོད་པས། མེ་ཏོག་སྣ་ཚོགས་ཀྱི་གསེང་དུ་ཡུལ་སྐོར་པས་རང་བྱུང་མཛེས་ལྗོངས་ལ་གཟིགས་པ་དང་། ཡང་ན་ཁ་པར་གྱིས་པར་ལེན་པ། ཡང་ན་མི་གཉིས་གསུམ་གྱི་ཚོགས་སྒྲིག་སྟེ་མེ་ཏོག་གི་སྡོང་བོ་འོག་ཏུ་རོལ་རྩེད་བྱས་ཏེ་དཔྱིད་དུས་ཀྱི་མཛེས་བ་དེ་རོལ་མྱོང་བྱེད་བཞིན་ཡོད།
དཔྱིད་དུས་ཀྱི་མཛེས་བའི་རྣམ་པ་གྲོག་རོང་ནས་ཞིང་ཁ་དང་། བོད་གྲོང་ནས་གངས་རི་ཕྱོགས་སུ་སྲིང་སྟེ་དྭངས་གཙང་གི་དཀར་མཛེས་ཀྱི་ས་གཞིའི་སྟེང་ཁྱབ་ཡོད།
ལོ་རེའི་ཟླ3པའི་ཟླ་དཀྱིལ་ནས་ཟླ4བའི་ཟླ་དཀྱིལ་བར་དུ་སྡེ་རོང་གི་རི་སྐྱེས་ཁམ་བུའི་ནགས་ཚལ་གྱིས་ཆེས་བཟང་པའི་དུས་བསུས་ཤིང་། མུའུ་ཁྲི་ལྷག་གི་ཁམ་སྡོང་ནགས་ཚལ་སྤྱི་ལེ་བརྒྱ་ཕྲག་ལྷག་ཏུ་རྒྱུན་སྲིང་པས་རི་ཀླུང་ཀུན་ཏུ་ཁྱབ་ནས་གྲོང་རོང་དུ་སླེབས། དེ་ནས་མེ་ཏོག་གི་རྒྱ་མཚོ་ཞིག་ཏུ་གྲུབ།
གལ་ཏེ་ལི་སྡོང་མེ་ཏོག་ལ་གཟིགས་འདོད་ན་རོང་བྲག་ནི་བདམས་ཆོག་པའི་གནས་མཆོག་ཡིན། ལོ་རེའི་ཟླ3པའི་ཟླ་དཀྱིལ་ནས་ཟླ4བའི་ཟླ་མགོ་རུ་གྲོང་རོང་ཡོངས་དཀར་མདོག་གི་ལི་སྡོང་མེ་ཏོག་གིས་བརྒྱན་པ་དང་། བོད་གྲོང་དང་མཁར་རྫོང་། གངས་རི་ཡིས་ཕན་ཚུན་ལ་བརྒྱན་པ་རེད། ལོ་ངོ་བརྒྱ་ཕྲག་གི་ལི་སྡོང་མེ་ཏོག་རབ་ཏུ་བཞད་ཅིང་། ཞོགས་པའི་སྤྲིན་སྨུག་ནང་དུ་དུ་བ་ལང་ལོང་དུ་འཕྱུར། འོད་གཟུགས་དང་མེ་ཏོག་ཡོངས་སུ་འདྲེས་པས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་དཔྱིད་དུས་མཛེས་བའི་རི་མོ་ཞིག་ཏུ་གྲུབ།
མངར་ཁམ་མེ་ཏོག་ཡང་རིམ་བཞིན་བཞད་པས་དུས་ཡུན་ཟླ3པའི་ཟླ་མཇུག་ནས་ཟླ4བའི་ཟླ་མགོ་བར་ཡིན། རྟའུ་རྫོང་ཁང་གསར་ཤང་མ་བུ་གྲོང་ཚོ་དང་དབའ་ཞབས་ཤང་ར་བ་གྲོང་ཚོ། ལྷོ་པ་ཤང་འབྲུག་ལམ་གྲོང་ཚོ་སོགས་ནི་མེ་ཏོག་ལ་གཟིགས་པའི་གནས་མཆོག་ཡིན། མངར་ཁམ་མེ་ཏོག་རབ་ཏུ་བཞད་དུས་རི་ཡོངས་ཁ་མདོག་གློ་ཁའི་མཚམས་སྤྲིན་གྱིས་གཡོགས་པས་རྒྱང་རིང་ནས་གཟིགས་དུས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆར་ཟིམ་བཞིན་གསལ་ལ་མི་གསལ་དུ་གནས་ཤིང་། ཉེ་སར་གཟིགས་དུས་མེ་ཏོག་གི་རྐང་རེ་རེ་ལ་ཡང་རེག་ཐུབ་པ་རེད།
ས་ཆ་སོ་སོར་མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་པས་མེ་ཏོག་བཞད་སྐབས་ཡོད་ལ། དཔྱིད་དུས་ལ་ནམ་ཡང་གཟིགས་ཆོག དཔྱིད་དུས་ཀྱི་མཛེས་ལྗོངས་ཡོངས་སུ་སླེབས་པས་མཉམ་དུ་མེ་ཏོག་ལ་གཟིགས་ནས་དཔྱིད་ཀའི་གཟི་བརྗིད་སྟོང་ཟད་དུ་མ་གཏོང་ལ། རབ་ཏུ་བཞད་པའི་མེ་ཏོག་སྟོང་ཟད་དུ་མ་གཏོང་རོགས། །