བོད་ལྗོངས་ཀྱི་རྫོང་གཉིས་རྒྱལ་ཁབ་རིམ་པའི་ནས་སོན་འདེབས་འཛུགས་རྫོང་ཆེན་གཉིས་སུ་བདམས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་འདེབས་རིགས་དོ་དམ་སི་ཡིས་ཁྱབ་བསྒྲགས་བྱས་པའི་དུས་རིམ་གསར་བའི་རྒྱལ་ཁབ་ལོ་ཏོག་འདེབས་རིགས་རྟེན་གཞིའི་མིང་བྱང་ཁྲོད། བོད་ལྗོངས་གྲ་ནང་རྫོང་དང་པ་སྣམ་རྫོང་གཉིས་རྒྱལ་ཁབ་རིམ་པའི(ནས)འདེབས་འཛུགས་རྫོང་ཆེན་དུ་བདམས་པ་དང་། དེས་བོད་ལྗོངས་ཡོངས་ཀྱི་ནས་སོན་འདེབས་འཛུགས་འབྱུང་ཁུངས་རང་བདག་གིས་ཚོད་འཛིན་བྱས་ནས་འབྲུ་རིགས་བདེ་འཇགས་བརྟན་གཏོང་ཆབ་སྲིད་འགན་ཁུར་ཐད"འགན་སྲུང་གཉིས"བསྣན་པ་རེད།
གྲ་ནང་རྫོང་གི་ནས་སོན་འདེབས་འཛུགས་ལས་དོན2019ལོར་མགོ་བརྩམས་པ་དང་། ཞིང་ལས་གྲོང་གསེབ་པུའུ་ཡིས་གྲ་ནང་རྫོང་གིས་རྒྱལ་ཁབ་རིམ་པའི་ནས་ཁྱབ་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་པར་ཆོག་མཆན་བཀོད། 2021ལོར་གྲ་ནང་རྫོང་བོད་ལྗོངས་ཀྱི་ནས་སོན་འདེབས་འཛུགས་རྫོང་ཆེན་ཁོ་ནར་བདམས། "ལོ་ལྔའི་འཆར་འགོད་བཅུ་བཞི་པའི"རིང་ལ་གྲ་ནང་རྫོང་གི་བསྡོམས་པས་ཆོག་མཆན་ཐོབ་པའི་མ་དངུལ་སྒོར་ཁྲི5000ལ་སླེབས། མ་དངུལ་དེ་བཏང་བ་ལས་རྫོང་ཡོངས་ཀྱི་ནས་སོན་འདེབས་འཛུགས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན། ད་ལྟ། རྫོང་དེས་ཆེད་སྤྱོད་འདེབས་འཛུགས་རྟེན་གཞི་བརྟན་བརླིང་ངང་མུའུ3000རྒྱུན་འཁྱོངས་བྱས་ཡོད། བསྡོམས་པས་གྲོང་ཁྱེར་དང་ས་ཆ་གཞན། སྤུན་ཟླ་རྫོང་ཁུལ་ལ་ས་བོན་ཏུན500དང་རྫོང་ནང་ཁུལ་དུ་ས་བོན་ཏུན325ཕྱིར་འཚོང་བྱེད་བཞིན་ཡོད་པས་ཡོང་འབབ་སྒོར་ཁྲི570ལྷག་བསྐྲུན།
ཐེངས་འདིའི་རྒྱལ་ཁབ་རིམ་པའི་ནས་སོན་འདེབས་འཛུགས་རྫོང་ཆེན་གྱི་ལེགས་སྒྱུར་ལེགས་སྒྲིག་ཁྲོད། པ་སྣམ་རྫོང"ཁོངས་མི་གསར་བའི"ངོས་ནས་མིང་བྱང་ནང་བཞག་པས། བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ནས་སོན་འདེབས་འཛུགས་རྫོང་ཆེན་གྲངས་འབོར2ལ་སླེབས། རྫོང་གཉིས"མཉམ་འབྲེལ་ཡག་པོ"བྱས་ནས། མ་འོངས་པར་བོད་ལྗོངས་ཡོངས་ཀྱི་ནས་འདེབས་འཛུགས་རྟེན་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྣེ་ཁྲིད་བྱ་རྒྱུ་རེད།
པ་སྣམ་རྫོང་རྒྱལ་ཁབ་རིམ་པའི་ནས་སོན་འདེབས་འཛུགས་མིང་བྱང་ནང་བདམས་པ་དེ་སྟེས་དབང་ཞིག་གཏན་ནས་མིན། ཞིང་ལས་རྫོང་ཆེན་ཞིག་ཡིན་པའི་ཆ་ནས་པ་སྣམ་རྫོང་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་ཞིང་ལས་ཐོན་སྐྱེད་རྨང་གཞི་བརྟན་པོ་ཡོད། ཐེངས་འདིར་རྒྱལ་ཁབ་རིམ་པའི་ནས་སོན་འདེབས་འཛུགས་རྫོང་ཆེན་དུ་བདམས་པ་དེས་པ་སྣམ་རྫོང་གིས་ནས་ཀྱི་སོན་བཟང་གསོ་སྤེལ་ཁྱབ་ཁོངས་ནས་འགན་འཁྲི་སྔར་ལས་མང་པོ་ཁུར་དགོས་པ་དང་། སྔར་ལས་མང་བའི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་མཚོན།
གྲ་ནང་དང་པ་སྣམ་རྫོང་གཉིས་བདམས་པ་དེ་ནི་བོད་ལྗོངས་ཀྱི་འདེབས་འཛུགས་རིགས་དར་སྤེལ་བྱུང་བའི་མཚོན་བྱེད་ཅིག་ཡིན། གསར་འགོད་པས་རྒྱུས་ལོན་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་ལྷུན་གྲུབ་དང་རྒྱལ་རྩེ། རྣམ་གླིང་། སྟེང་ཆེན་སོགས་ཀྱི་ཁྱབ་ཁོངས་རང་བཞིན་གྱི་ལོ་ཏོག་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་གྲ་སྒྲིག་བྱེད་བཞིན་ཡོད། རྒྱལ་ཁབ་རིམ་པའི་ནས་སོན་འདེབས་འཛུགས་རྫོང་ཆེན་གཉིས་ལྟེ་གནས་དང་ཁྱབ་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་འདེགས་སྐྱོར་བྱེད་པའི"གཏོར་གཟུགས་མཆོད་རྟེན"དབྱིབས་ཀྱི་འདེབས་རིགས་མ་ལག་སྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད། །