ནོར་ནག་མགོ་གྲངས10ཁེ་ལུང་རྒྱུད་བཤུས་བྱས་པ་ལེགས་གྲུབ་བྱུང་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རང་རྒྱལ་གྱིས་ཐེངས་དང་པོར་འབྲི་གཡག་གམ་ནོར་ནག་མགོ་གྲངས10ཁེ་ལུང་རྒྱུད་བཤུས་བྱས་པ་ལེགས་གྲུབ་བྱུང་ཡོད། དེ་ཡང་། ཀྲུང་གོའི་ཚན་ཞིབ་ཚོགས་པས་དུས་ཡུན་ལོ་གསུམ་ནང་། བོད་ལྗོངས་ཀྱི་ལྷ་ས་དང་། ནག་ཆུ། གཞིས་ཀ་རྩེ། མངའ་རིས་བཅས་ས་ཁུལ་བཞིའི་ནོར་ནག་མགོ་གྲངས8971གི་མ་དཔེ་བསྡུ་ལེན་ལས་དོན་སྤེལ་བ་དང་། དེ་རྗེས་རྒྱུད་རྒྱུ་ཚོ་པ་ཡོངས་ལ་བང་སྒྲིག་དབྱེ་ཞིབ་བྱས་པ་བརྒྱུད། 2025ལོར་འཛམ་གླིང་ཐོག་གི་ལུས་པོའི་ཕྲ་ཕུང་ཁེ་ལུང་རྒྱུད་བཤུས་བྱས་པའི་ནོར་ནག་དང་པོ་སྟེ། གནམ་མཚོ་དང་པོ་ཟེར་བ་དེ་བདེ་བླག་ངང་སྐྱེས་ཡོད། དེ་ནས2026ལོའི་ཟླ3ཚེས25ཉིན་ནས་ཟླ4ཚེས5ཉིན་བར། ཁེ་ལུང་རྒྱུད་བཤུས་བྱས་པའི་ནོར་ནག་ཁག་གཉིས་པར་བེའུ་བཅུ་སྦྲུམ་པར་མ་ཟད། དེ་དག་ཚང་མ་ཤར་མར་སྐྱེས་ཡོད་ཅིང་། མིག་སྔའི་བར་ཁེ་ལུང་རྒྱུད་བཤུས་བྱས་པའི་ནོར་ནག་ཆུང་ཆུང11ཡོད་པ་དེ་དག་ཚང་མ་འཚར་སྐྱེས་ཡག་པོ་ཡོང་བཞིན་ཡོད།

དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱི་ནོར་ནག་རིགས་སྤུས་སྲུང་སྐྱོབ་དང་གསོ་སྤེལ་ལག་རྩལ་གསར་གཏོད་ལྟེ་གནས་དེ་ས་བབ་མཐོ་ཚད་ལ་སྨི4300ཡོད་པའི་འདམ་གཞུང་རྫོང་ཡངས་པ་ཅན་ནོར་ནག་རྒྱུད་བཟང་གསོ་སྤེལ་རྟེན་གཞིར་དངོས་སུ་བཙུགས་ཡོད་ཅིང་། གང་དེ་ནི་བོད་ལྗོངས་འདམ་གཞུང་བྲེ་སེར་འབྲོང་གསོ་སྤེལ་ཞིབ་འཇུག་རྟེན་གཞི་ཡང་ཡིན།

མིག་སྔར་བོད་ལྗོངས་སུ་བྲེ་སེར་འབྲོང་གི་རིགས་ཁྱུར་འབྲོང300ལྷག་ཙམ་ལས་མེད་པ་དང་། རིགས་རྒྱུད་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་གྲས་ཡིན། རིགས་གཅིག་མཁས་པའི་ཚོགས་པས་བྲེ་སེར་འབྲོང་དང་འབྲོང་ཁྲག་ནོར་ནག་གཟུགས་ཀྱི་ཕྲ་ཕུང་ཁེ་ལུང་རྒྱུད་བཤུས་སྦྲུམ་རྟེན200ལྷག་ཙམ་བཟོས་ཡོད་པ་དང་། དེས་རྗེས་མཐུད་རིགས་སྤུས་སྲུང་སྐྱོབ་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ལག་རྩལ་དེས་ནོར་ནག་གི་རིགས་སྤུས་གསོན་པོ་ཉར་འཇོག་དང་ཆད་ལུས་མེད་པར་འདྲ་བཤུ་བྱེད་ཐུབ་ཅིང་། བོད་ལྗོངས་ཀྱི་སླར་སྐྱེ་མི་ཐུབ་པའི་རྒྱུད་ཁུངས་ཐོན་ཁུངས་ཀྱི་བདག་དབང་བརྟན་སྲུང་ཐུབ་རྒྱུ་དང་། ས་མཐོའི་ཕྱུགས་ལས་ཀྱི་རིགས་སྤུས་རྨང་གཞི་བརྟན་དུ་གཏོང་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་སྟོངས་ཉེར་ཡོད་པའི་འབྲོང་སོགས་ཀྱི་རིགས་ཚོགས་མང་དུ་གཏོང་རྒྱུར་ཕན་ཐོགས་རྒྱུ་དང་། བོད་ལྗོངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དང་དམངས་འཚོའི་དཔལ་འབྱོར་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།