ཁོ་མོ་ནི་དམག་འཐབ་གནམ་གྲུ་གཏོང་མཁན་བོད་རིགས་བུད་མེད་ཐོག་མ་དེ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྐལ་བཟང་པད་སྒྲོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་འཐབ་གནམ་གྲུ་གཏོང་མཁན་འཕུར་སྐྱོད་པ་ཞིག་ཡིན་ལ། མཁའ་དམག་ལོ་རྒྱུས་ཐོག་གི་བོད་རིགས་དམག་འཐབ་གནམ་གྲུ་གཏོང་མཁན་ཐོག་མ་དེ་ཡང་ཡིན། ཁོང་ནི་གངས་ལྗོངས་ས་མཐོ་ནས་ཡོང་ཞིང་། ཨ་སྔོན་གནམ་ལ་བཅངས་པའི་འདུན་པ་དྲག་པོ་ཞིག་གི་སྐུལ་སློང་འོག སྙིང་རུས་དང་རྔུལ་ཆུ་ཡིས་སྤྱིར་བཏང་མ་ཡིན་པའི་ལང་ཚོའི་གཏམ་རྒྱུད་ཅིག་བརྩམས་དང་རྩོམ་མུས་ཡིན།

-
ཕུགས་འདུན་གྱི་དབུ་ཁྱུད།
མཐོ་རིམ་སློབ་འབྲིང་འགྲིམ་སྐབས། རྒན་ལགས་ཀྱིས་སློབ་མ་ཚོར་མཁའ་དམག་གི་འཕུར་སྐྱོད་པ་བསྡུ་བཞིན་འདུག་ཅེས་པའི་བརྡ་ཐོ་ཞིག་བཏང་བས། སྐལ་བཟང་པད་སྒྲོན་གྱི་སེམས་ནང་མིང་ཐོ་འགོད་འདོད་ཀྱི་འདུན་པ་དྲག་པོ་ཞིག་འཆར། དེ་ནས་ཕ་མ་གཉིས་ལ་དོན་དེ་ཞུས་པས། ཕ་མ་གཉིས་ནས་བུ་མོའི་གདམ་གར་རྒྱབ་སྐྱོར་བྱེད་དགོས་དགོངས་ནས། ཚོད་ལྟ་ཞིག་བྱས་ཆོག་ཅེས་གསུངས། དེའི་གོང་སློབ་གྲྭ་དེ་ནས་མཁའ་དམག་འཕུར་སྐྱོད་པར་མིང་ཐོ་འགོད་མཁན་གཅིག་ཀྱང་བྱུང་མེད་ཀྱང་། སྐལ་བཟང་པད་སྒྲོན་གྱིས་ཐེ་ཚོམ་མེད་པར་མིང་ཐོ་བཀོད། དེ་ལྟར་ཁོང་གི་ཕུགས་འདུན་སྙེག་པའི་གོམ་པ་དང་པོ་དེ་སྤོ་འགོ་ཚུགས།

-
འབད་པ་ལྷུར་ལེན།
སློབ་གྲོགས་གཞན་རྣམས་ནི་མཐོ་རྒྱུགས་ནང་སྐར་གྲངས་མཐོན་པོ་ལོན་ནས་སློབ་གྲྭ་དེར་ཚུད་པ་ཤ་སྟག་ཡིན་པས། ཞི་ཨན་མཁའ་དམག་འཕུར་སྐྱོད་སློབ་གླིང་དུ་སློབ་གཉེར་བྱེད་པའི་ཐོག་མའི་དུས་སུ་སྐལ་བཟང་པད་སྒྲོན་ལ་སློབ་སྦྱོང་ཐད་ཀྱི་དཀའ་ངལ་ཆེན་པོ་འཕྲད་པ་དང་། ཁོང་མོའི་སེམས་ནང་དངངས་སྐྲག་དང་སེམས་ཁྲལ་ཆེན་པོ་བྱུང་།
ཐེངས་ཤིག་པ་ཕ་དང་ཁ་པར་ཐོག་ནས་གླེང་མོལ་བྱེད་པའི་སྐབས། ཁོང་མོས་རང་ཉིད་ལ་སློབ་སྦྱོང་ཐད་དཀའ་ངལ་འཕྲད་ལུགས་ཞུས་པས། པ་ཕས་ངང་རྒྱུད་རིང་པོའི་ངང་། ཁྱེད་ཀྱིས་ལམ་དེ་བདམས་ཟིན་པས་ངེས་པར་དུ་སྡུག་རུས་བྱས་ནས་སྐྱོད་དགོས་རེད་ཅེས་གསུངས། པ་ཕའི་བཀའ་མོལ་དེས་ཁོང་མོར་སླར་ཡང་སེམས་ཤུགས་ཆེན་པོ་སྤྲད། མ་ཟད་སློབ་གྲོགས་དང་དགེ་རྒན་ཚོས་ཀྱང་སྐལ་བཟང་པད་སྒྲོན་ལ་སློབ་སྦྱོང་ཐད་དཀའ་ངལ་འཕྲད་པ་ཤེས་རྗེས། ཐབས་ལམ་སྣ་ཚོགས་ཐོག་ནས་རོགས་རམ་བྱས་པས། དེ་ལྟར་ག་ལེར་སློབ་གྲོགས་གཞན་གྱི་སློབ་སྦྱོང་གི་འགྲོས་སྟབས་ཀྱི་རྗེས་ཟིན་པར་གྱུར།

-
ཡིད་ཆེས་དང་སྙིང་རུས།
སློབ་གྲོགས་ཚོའི་སེམས་ནང་སྐལ་བཟང་པད་སྒྲོན་ནི་འགྲོགས་བདེ་གཤིབ་བདེ་དང་མི་ལ་སྤྲོ་སྣང་སྟེར་ཐུབ་མཁན་ཞིག་ཡིན་ལ། དེ་བས་ཀྱང་རང་གཅུན་ནུས་པ་ཆེ་ལ་རང་གིས་རང་ལ་རེ་བ་ནན་མོ་འདོན་ཐུབ་མཁན་ཞིག་རེད།
དམག་འཐབ་གནམ་གྲུའི་འཕུར་སྐྱོད་པའི་སྦྱོང་བརྡར་ནི་རེ་བ་ཤིན་ཏུ་མཐོ་བ་ཞིག་རེད། རྒྱུན་གཏན་གྱི་ལུས་རྩལ་ཕུད། ད་དུང་ལུས་པོའི་ཤེད་ཤུགས་སྦྱོང་བརྡར་སོགས་སྦྱོང་བརྡར་གྱི་རྣམ་གྲངས་རབ་དང་རིམ་པ་ཡོད། གནམ་གྲུ་དངོས་སུ་གཏོང་བའི་སྦྱོང་བརྡར་མ་བྱས་གོང་། ད་དུང་ས་ངོས་སུ་སློབ་སྦྱོང་དུས་ཡུན་རིང་པོ་བྱ་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྣ་ཚོགས་སྦྱོང་དགོས་པ་མ་ཟད། རྒྱུགས་ལེན་རབ་དང་རིམ་པ་བྱ་དགོས།

རང་ཉིད་གཅིག་པུས་དམག་འཐབ་གནམ་གྲུ་ཐོག་མར་གཏོང་བའི་སྐོར་གླེང་སྐབས། སྐལ་བཟང་པད་སྒྲོན་གྱིས། གནམ་གྲུར་མ་འཛེགས་གོང་སེམས་ནང་དངངས་སྐྲག་ཅུང་ཟད་སྐྱེས་བྱུང་། ཡིན་ནའང་གནམ་གྲུའི་ནང་འཛུལ་ཚར་རྗེས་དེ་ལས་ལྡོག་ཏེ་སེམས་ལྷོད་ལྷོད་ཆགས་སོང་། སྐབས་དེར་ཡིད་ཀྱི་མེ་ལོང་ངོས་འཆར་བ་ནི་ས་ངོས་ཀྱི་སློབ་སྦྱོང་བྱས་པའི་ནང་དོན་དག་ཡིན་པས་དངངས་སྐྲག་གཏན་ནས་སྐྱེ་ཡི་མི་འདུག་ཅེས་བརྗོད།
ད་ལྟ་སྐལ་བཟང་པད་སྒྲོན་ནི་དམག་འཐབ་གནམ་གྲུའི་འཕུར་སྐྱོད་པར་དངོས་སུ་གྱུར་ཡོད་པ་དང་། ཁོང་གི་རྩལ་སློབ་པས། ལས་ཀ་དང་འཚོ་བའི་ནང་ཁོང་མོ་ནི་བློ་བག་ཡངས་ལ། སེམས་རྩ་འཁོལ་བ། གཅེས་སེམས་ལྡན་པ་བཅས་ཀྱི་བུ་མོ་ཞིག་ཡིན་ལ། འཕུར་སྐྱོད་སྦྱོང་བརྡར་ཁྲོད་ཁོང་མོ་ནི་དོ་ནན་ལ་ཞིབ་ཚགས་པའི་བུ་མོ་ཞིག་ཀྱང་ཡིན། སྦྱོང་བརྡར་སྐབས་ཁོང་མོ་ནི་བསམ་གཞིགས་བྱེད་མཁས་པ་དང་། དོགས་འདྲི་བྱ་རྒྱུར་བརྩོན་པ་ཞིག་རེད། དངོས་སུ་འཕུར་སྐྱོད་བྱེད་པའི་སྐབས་རིག་པ་སྐྱེན་ལ་སེམས་ཐག་ཆོད་པ། འཕུར་སྐྱོད་བྱས་ཚར་རྗེས་ཕྱོགས་བསྡོམས་བྱེད་མཁས་ལ་ཡར་རྒྱས་བརྩོན་ལེན་བྱེད་མཁན་ཞིག་རེད། མདོར་ན། སྐལ་བཟང་པད་སྒྲོན་ནི་གངས་ལྗོངས་ས་མཐོ་ནས་ཡོང་བའི་དམག་འཐབ་གནམ་གྲུའི་འཕུར་སྐྱོད་པ་དཔའ་ངར་ཅན་ཞིག་རེད་ཅེས་གསུངས།

-
གཉེན་ཞེན་དང་འོས་འགན།
འཕུར་སྐྱོད་སློབ་གྲྭའི་ནང་སློབ་སྦྱོང་བྱེད་སྐབས་སྐལ་བཟང་པད་སྒྲོན་ཁྱིམ་ལ་ལོག་པའི་གོ་སྐབས་ཧ་ཅང་ཉུང་། ལོ་ཞིག་བོད་ཀྱི་ལོ་གསར་འཆར་སྐབས། ཕ་མ་གཉིས་དང་གཅུང་པོ་ཁོང་ལ་བལྟ་བར་སླེབས། སྐབས་དེར་སློབ་གླིང་གི་འགོ་ཁྲིད་དང་རྩལ་སློབ་པ། ལས་རོགས་བཅས་ནས་ཁོང་གི་ཕ་མ་གཉིས་ལ་དཀར་གཙང་མཇལ་དར་བསྒྲོན་ཞིང་། ད་དུང་ཆེད་མངགས་གསོལ་སྟོན་ཡང་བཤམས། མ་ཟད་ཁྱིམ་མི་རྣམས་ཁོང་མོས་དམག་འཐབ་གནམ་གྲུ་གཏོང་སར་ལྟ་སྐོར་བྱེད་པར་གདན་དྲངས། ཨ་མ་ལགས་སྐབས་དེར་ཧ་སངས་བར་གྱུར་བ་དང་། ངའི་བུ་མོ་ཆུང་ཆུང་འདིས་གནམ་གྲུ་ཆེན་པོ་འདི་འདྲ་ཁ་ལོ་སྒྱུར་ཐུབ་ཀྱི་འདུག དེའི་ཆེད་དཀའ་ལས་མང་པོ་མྱངས་ཡོད་ཀྱི་རེད་ཅེས་བརྗོད་ཅིང་། རང་དབང་མེད་པར་སྤྱན་ཆབ་ཀྱང་ཤོར།

-
མེས་རྒྱལ་ལ་བཅངས་པའི་བརྩེ་བ།
2025ལོར་དཔུང་སྡེས་སྐལ་བཟང་པད་སྒྲོན་སོགས“9·3”དམག་གཟིགས་མཛད་སྒོའི་ཐད་གཏོང་བལྟ་རུ་བཅུག མཁའ་དབྱིངས་སུ་སྟར་ནང་གི་བུད་མེད་འཕུར་སྐྱོད་པ་མཐོང་སྐབས། སྐལ་བཟང་པད་སྒྲོན་སེམས་འགུལ་ཆེན་པོ་ཐེབས་ཤིང་། སེམས་ནང་ནམ་ཞིག་ང་རང་ལ་ཡང་ཁོང་ཚོ་ལྟར་ཏང་དང་མི་དམངས་ཀྱི་དམག་གཟིངས་དང་ལེན་ཞུ་བའི་བསྐལ་བ་ཐོབ་ན་ཅི་མ་རུང་སྙམ།
མཚན་མོ་ཞིག་འཕུར་སྐྱོད་ལས་འགན་ལེགས་གྲུབ་བྱུང་ནས་དམག་སྒར་དུ་ལོག་པའི་མཁའ་ལམ་དུ། སྐལ་བཟང་པད་སྒྲོན་གྱི་མིག་ལམ་དུ་ས་ངོས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་གློག་འོད་ཁྲ་ཆེམ་ཆེམ་འཕྲོ་བ་མཐོང་བས། རང་ཉིད་ཀྱི་ཁྱིམ་ཡིད་ལ་ལྷང་ལྷང་དྲན། ཡིན་ནའང་དེ་མུར་ཁོང་མོའི་སེམས་ནང་བསམ་བློ་གཞན་ཞིག་འཁོར་བ་སྟེ། རང་ཉིད་ཀྱིས་ད་ལྟ་སྒྲུབ་བཞིན་པ་ནི་ས་ངོས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ལྷིང་འཇགས་སྲུང་བའི་ལས་ཀ་ཡིན་པས། འདི་ནི་ཇི་འདྲའི་གཟི་བརྗིད་ཆེ་ལ་དོན་སྙིང་ལྡན་པ་ཞིག་རེད་ཨང་སྙམ།

-
ལང་ཚོའི་དམ་ཚིག
སྐལ་བཟང་པད་སྒྲོན་གྱིས་མཇུག་ཏུ། ང་རང་ནས་མུ་མཐུད་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་། སྡུག་རུས་ཀྱིས་སྦྱོང་བརྡར་བྱེད་པ། ཚད་ལྡན་ངང་སྦྱོང་བརྡར་བྱས་ཏེ། རང་ཉིད་ཀྱི་འཕུར་རྩལ་ངོ་མར་བརྟེན་ནས་ཨ་སྔོན་དབྱིངས་ཀྱི་ཐང་དཀར་ལྟ་བུར་འགྱུར་བ་བྱ་རྒྱུ་ཡིན་ལ། འཕུར་སྐྱོད་ཀྱི་ཤུལ་ལམ་ཐོག་ནས་རང་ཉིད་ཀྱི་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་པ་དང་། གཞུང་དྲང་དང་འགན་སེམས་ལ་བརྟེན་ནས་མེས་རྒྱལ་མཁའ་དབྱིངས་ཀྱི་ལྷིང་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས།