སི་ཁྲོན་སྐུ་བླ་བཞི་བདག་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ད་ལོའི་ཟླ4བའི་ཚེས15ཉིན། སི་ཁྲོན་ཞིང་ཆེན་སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་བདེ་བླག་ངང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་སྐབས224ཚོགས་འདུའི་གྲོས་ཞིབ་ཐོབ་པས་དངོས་སུ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བདམས། སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་གི་ཚོར་སྐྱེན་ཁུལ་ཡིན། གནས་དེར་རི་མཐོན་པོས་ཁྱབ་པ་དང་དྲང་འཕྱང་ཁྱད་པར་ཆེ་བས་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཀུན་གྱིས་དོ་སྣང་བྱ་ཡུལ་ཡིན།
སྐུ་བླ་བཞི་བདག་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2764ཟིན་པས་བཙན་ལྷ་རྫོང་གི་གྲོང་རྡལ6ལ་ཁྱབ་པ་རེད།
སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་ལ་འཛམ་གླིང་གི་དོ་ཁུར་ཅི་ལྟར་ཐོབ་པ་ཡིན་ཟེར་ན། རྒྱུ་མཚན་དེ་ནི་མདོ་དབུས་མཐོ་སྒང་དང་སི་ཁྲོན་གཤོངས་ས་བརྒལ་མཚམས་ན་ཆགས་པས། དེ་ནི་ཟུང་ཆུ་ནས་རྔ་བ་རི་ཁུལ་གྱི་ལྟེ་གནས་ཡིན། གནས་དེས་འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི"ནུབ་ཁམས་ཚོགས"གསུམ་བརྩེགས་བྲག་རྡོ་འདུ་འཛོམས་བཟོ་སྐྲུན་དང་དཔེ་མཚོན་རང་བཞིན་གྱིས་ནུབ་ཁམས་རང་བཞིན་གཉེར་མས་ཁེངས། ཡང་མདོ་དབུས་མཐོ་སྒང་གི་ལོ་ངོ་དུང་ཕྱུར་གྱི་འཕོ་འགྱུར་གསང་བ་མཚོན་པ་རེད། གནས་དེ་ནི་མདོ་དབུས་མཐོ་སྒང་རིམ་འགྱུར་གོ་རིམ་དང་ལམ་ལུགས་ཀྱི་གནད་འགག་རྒྱུ་ཆ་ཡིན། མདོ་དབུས་མཐོ་སྒང་གི་རི་བཟོ་འགུལ་སྐྱོད་ཀྱིས་སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་གི་ཕུན་སུམ་ཚོགས་པའི་ས་དབྱིབས་གྲུབ། གནས་དེ་རུ་མདོ་དབུས་མཐོ་སྒང་ཤར་སྣེའི་དཔེ་མཚོན་རང་བཞིན་གྱི་རི་ཚོགས་མཐོན་པོ་ཡོད་པ་མ་ཟད། སྤྱི་གླིང་ནང་དུ་མཚོ་འཕགས་སྨི5000ཡན་གྱི་གངས་རི་བརྒྱ་ཕྲག་ལྷག་ཡོད། སྐུ་བླ་བཞི་བདག་རི་བོའི་རི་རྩེའི་མཚོ་འཕགས་སྨི6247.8ཟིན་པས་དེར"སི་ཁྲོན་རི་ཚོགས་རྒྱལ་མོ"ཞེས་འབོད་ཀྱིན་ཡོད།



སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་སྨི3700དྲང་འཕྱང་མཐོ་ཚད་བརྒལ་བས་ཐན་པའི་གྲོག་རོང་ནས་ནགས་ཚལ་དང་། སྤང་ཁུལ་ནས་འཁྱགས་རོམ་གྱི་ཆ་ཚང་དྲང་འཕྱང་དུ་གྲུབ་ཡོད། ཁྱབ་ཁོངས་འགའ་དང་དོམ་ཁྲ་འཚོ་སྡོད་གནས་འཛམ་གླིང་རང་བྱུང་ཤུལ་བཞག་རིམ་བརྩེགས་ཀྱིས་ས་གཤིས་ཤུལ་བཞག་དང་སྐྱེ་དངོས་སྣ་མང་རང་བཞིན་དང་རིག་གནས་ཤུལ་བཞག་གི་མཉམ་འདྲེས་བྱུང་། གནས་དེ་ནི་རང་བྱུང་སྐྱེ་དངོས་མཛོད་ཡིན་པས2000ལྷག་གི་མཐོ་རིམ་སྐྱེ་དངོས་རིགས་དང་དོམ་ཁྲ། གསའ་སོགས་ཀྱི་སྲོག་ཆགས་རྩ་ཆེན་ཡོད། གལ་ཏེ་ཟླ9པ་སླེབས་ཚེ་ཁྱོད་ཀྱིས་འཛམ་གླིང་གི་ཆེས་ཆེ་བའི་སྟར་བུའི་རང་བྱུང་ནགས་ཚལ་ལ་ལོ་ལེགས་འབྱུང་བའི་རྣམ་པ་མཐོང་ཐུབ། སྨིན་ཟིན་པའི་འབྲས་བུ་སེར་དམར་གྱིས་ཡལ་ག་གཡོགས་པས་འདབ་ཆགས་རིགས་མང་པོ་བསུ་བཞིན་ཡོད།
དུས་རབས20པའི་ལོ་རབས90ནང་དུ་མི་རྣམས་ཀྱིས་སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་གི་མཛེས་པ་རྙེད། གངས་རི་དང་ཆུ་ཕྲན། སྤང་ཁུལ། ནགས་ཚལ། འཁྱགས་རོམ། གངས་རི། ས་གཤིས་སྤྱི་གླིང་ནང་དུ་དུས་ཚིགས་བཞིའི་མཛེས་ལྗོངས་མཐོང་ཐུབ་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་བསུ་བཞིན་ཡོད། ཟམ་དམར་ལུང་བ་སོགས་ཀྱི་མཐོ་སྒང་མཛེས་ལྗོངས་འཛམ་གླིང་མི་ཡིས་ཤེས་རྟོགས་བྱུང་ཡོད། ལྷག་པར་དུ་ཕྱི་རོལ་མྱུལ་དཔྱད་དགའ་མཁན་ཚོའི་དགའ་བསུ་ཐོབ་ནས་སྐུ་བླ་བཞི་བདག་རི་མགོར་འཛེག་རྒྱུ་དེ་ཕྱི་རོལ་རི་འཛེག་མཁན་ཚོའི་དམིགས་སར་གྱུར།


སྐུ་བླ་བཞི་བདག་ས་གཤིས་སྤྱི་གླིང་རྔམ་བརྗིད་ཀྱི་ས་གཤིས་མཛེས་ལྗོངས་ཀྱིས་གནས་དེའི་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་རིག་གནས་གྲུབ། སྤྱི་གླིང་ནང་ཕུན་སུམ་ཚོགས་པའི་རྒྱལ་རོང་བོད་རིགས་རིག་གནས་དང་རི་བསྐོར། སྐོར་བྲོ། གླུ་གར་སོགས་ཀྱི་དམངས་སྲོལ་དུས་ཆེན་བྱ་འགུལ་ཉར་ཚགས་བྱས་ཡོད། དེ་དག་གིས་གནས་དེའི་ཐུན་མིན་ཁྱད་ཆོས་ཡོངས་སུ་མངོན། ས་གནས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ས་གནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་གཉིས་རྒྱལ་གྱི་རྣམ་པ་བྱུང་ཡོད།
དེང་སང་། རྒྱལ་ནང་གི་རུ་ཁུལ་བགྲོད་ལམ་འགྲིམ་འགྲུལ་རྣམ་གྲངས་ལས་ཏུའུ་ཅང་ཡན་ནས་སྐུ་བླ་བཞི་བདག་རུ་ཁུལ་བགྲོད་ལམ་རྣམ་གྲངས་སྐྲུན་བཞིན་པའི་སྒང་ཡིན། མ་འོངས་པར་ཡུལ་སྐོར་པ"གངས་རི་ཡུལ་སྐོར་སྒུལ་འཁོར"བསྡད་དེ་ནགས་གསེང་དང་གྲོག་རོང་བར་རྒྱུ་སྟེ་འཛམ་གླིང་རང་བྱུང་ཤུལ་བཞག་དང་འཛམ་གླིང་ས་གཤིས་ལ་གཟིགས་ཆོག སྐུ་བླ་བཞི་བདག་རི་བོ་ས་གཤིས་སྤྱི་གླིང་གི་དོ་དམ་པ་ཚོས་རི་མཐོ་སྐྱེ་ཁམས་དང་འཁྱགས་རོམ་སྲུང་སྐྱོང་ལས་དོན་ལ་ཤུགས་བརྒྱབ་ནས་འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བཞིན་ཡོད། །