2026ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་བྱང་ཁུལ་གྱི་ཡན་ལག་ཚོགས་རའི་བྱེད་སྒོ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རུ་སྤེལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ5པའི་ཚེས18ཉིན། “སྤུས་ལེགས་ཡུལ་སྐོར་སྤྲོ་བས་རོལ། མཛེས་སྡུག་རི་ཆུར་མཉམ་དུ་བསྐྱོད།”ཅེས་པ་བརྗོད་དོན་ཡིན་པའི་2026ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་བྱང་ཁུལ་གྱི་ཡན་ལག་ཚོགས་རའི་བྱེད་སྒོ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞིར་སྤེལ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཐའོ་བྱེད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུས་ཀྲིན་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཧྲུའུ་རུང་བཅས་ཞུགས་ཤིང་། མ་རུའུ་ཞང་གིས་གཙོ་སྐྱོང་གནང་།

སྔ་དྲོའི་ཆུ་ཚོད10སྟེང་། བྱེད་སྒོ་དེ་མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་བརྙན་ཐུང་དང་མཉམ་དུ་མགོ་བརྩམས། དེའི་རྗེས་ཀྱི་བརྗོད་དོན་བྱེད་སྒོའི་གོ་རིམ་ཁྲོད་མཚོ་བྱང་ཁུལ་གྱི5·19ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་། ས་ཁོངས་ཧྲིལ་བོར“འཛུམ་མདངས་ཞབས་ཞུ”སྤེལ་བའི་གྲོས་འགོ་ཡི་གེ རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སོགས་དམངས་ཕན་བྱེད་ཐབས་དངོས་སུ་ཁྱབ་སྒྲོག་བྱས་ཤིང་། སྐྱེ་ཁམས་ཡུལ་སྐོར་དང་ཉམས་ཞིབ་ཡུལ་སྐོར། རྐང་བགྲོད་ཡུལ་སྐོར། སྒེར་འཁོར་ཡུལ་སྐོར་དང་ལྕགས་རྟར་ཞོན་ནས་ཡུལ་སྐོར་བྱེད་པ་བཅས་ལམ་ཐིག་རྩེ་གྲ་ལྔ་ངོ་སྤྲོད་བྱས་ཏེ། 2025ལོའི་ལོ་འཁོར་མོའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རོགས་སྐྱོར་བྱ་དགའི་མཇུག་འབྲས་ཁྱབ་སྒྲོག་བྱས་པར་མ་ཟད་བྱ་དགའ་ཐོབ་པའི་ཁེ་ལས་དང་མི་སྒེར་ལ་བྱ་དགའ་གནང་།




དེའི་རིང་། ད་དུང་མཚོ་སྔོན་གསེར་དངུལ་ཐང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་མཚོ་སྔོན་ཏིན་ཡུས་རིག་གནས་ཡུལ་སྐོར་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པར་མ་ཟད་མཚོ་སྐོར་ལྕགས་རྟའི་བརྗོད་དོན་ལྕགས་རྟར་ཞོན་པའི་སྟོད་གོས་སྤྲད་ཅིང་། ཚོགས་ཞུགས་མི་སྣས་མཚོ་བྱང་གི་འཚེམ་དྲུབ་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། ཁུལ་མི་རིགས་གླུ་གར་ཚོགས་པས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་ལེགས་སྐྱེས་སུ་ཕུལ།


བྱེད་སྒོའི་མཇུག་ཏུ“སྨོན་ལམ་མཐོན་པོར་ཆིབས་བཞུད། མཚོ་བྱང་མཛེས་སྡུག་མཉམ་རོལ”ཞེས་པའི་ལྕགས་རྟར་ཞོན་པའི་བྱེད་སྒོ་སྤེལ་ཞིང་། ཚོགས་ཞུགས་མགོ་ཁྲིད་དང་ལྕགས་རྟར་ཞོན་རྒྱུར་དགའ་མཁན་ཚོ་ཐུན་མོང་ཐོག་དེའི་ནང་ཞུགས་ནས་ཐེངས་འདིའི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་རིག་གནས་ཡུལ་སྐོར་དམངས་ཕན་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས། ཆས་རྟགས་རིམ་སྤར་བཅས་བརྒྱུད་དེ་མཚོ་བྱང་གི་རིག་གནས་ཡུལ་སྐོར་སྔོག་འདོན་དང་། “དག་སྣང་མཚོ་བྱང”གི་གསེར་གྱི་མིང་བྱང་ཇེ་གསལ་དུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།