མཚོ་བྱང་གིས་རྒྱལ་ཡོངས་དབང་སྐྱོན་རོགས་རམ་ཉིན་མོའི་བྱེད་སྒོ་སྤེལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ5པའི་ཚེས19ཉིན། མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་དྲུག་པའི་བྱེད་སྒོ་འཇུ་ལག་རྫོང་དུ་སྤེལ་མགོ་ཚུགས་ཤིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཏེ། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པའམ་ཚན་ཆུང་མཉམ་འབྲེལ་པུའི་པུའུ་ཀྲང་ཀྲའོ་ཧུའེ་བྱེད་སྒོར་ཞུགས།

མགོ་རྩོམ་མཛད་སྒོའི་ཐོག ཞིང་ཆེན་དབང་པོ་སྐྱོན་ཅན་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་བྱང་ཁུལ་དང་འཇུ་ལག་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་ཁྱོན་རིན་ཐང་སྒོར་ཁྲི13.5ཟིན་པའི་ཉི་ནུས་སྒོ་གློག600དང་འབྲེལ་ཡོད་དངོས་ཟོག་ཞལ་འདེབས་སུ་ཕུལ། མཚོ་སྔོན་དབྱི་ཅ་མི་རིགས་གྱོན་ཆས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་ཁུལ་དང་རྫོང་གི་དམིགས་བསལ་སློབ་གསོའི་སློབ་གྲྭར་རིན་ཐང་སྒོར་ཁྲི1.5ཟིན་པའི་སློབ་ལྭ་ཆ་ཚང150ཞལ་འདེབས་སུ་ཕུལ། ཡུལ་དངོས་སུ་ད་དུང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དམངས་ཕན་སྲིད་ཇུས་དང་དབང་པོ་སྐྱོན་ཅན་གྱི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་བཅས་དུས་གཅིག་ཏུ་སྤེལ་ཞིང་། དབང་པོ་སྐྱོན་ཅན་གྱི་འཐུས་མིར་འོས་འཚམ་གྱི་རམ་འདེགས་མཁོ་ཆས་གནང་།

རྒྱུས་ལོན་པ་ལྟར་ན། "ལྔ་བཅུ་བཞིའི"ཚུན་དུ་མཚོ་བྱང་ཁུལ་གྱིས་རིམ་རྩིས་བྱས་ན་དབང་པོ་སྐྱོན་ཅན་ལ་ཁག་གཉིས་ཀྱི་ཁ་གསབ་སྒོར་ཁྲི4741སྤྲད་པས་དབང་པོ་སྐྱོན་ཅན10450ལ་ཕན་པ་ཐོབ། དབང་པོ་སྐྱོན་ཅན་མི་ཐེངས་ཁྲི3.6ལ་རྒན་གསོའི་འགན་བཅོལ་དངུལ་སྒོར་ཁྲི951.37ཚབ་སྤྲོད་བྱས་ནས་དབང་པོ་སྐྱོན་ཅན་གྱི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་ཡོངས་སུ་ཁྱབ་པར་བྱས་ཡོད། མིག་སྔར། མཚོ་བྱང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ཁམས་གསོའི་ཞབས་ཞུ་བྱེད་ཚད་དང་རམ་འདེགས་མཁོ་ཆས་འོས་འཚམ་བཀོད་སྒྲིག་བྱེད་ཚད་སོ་སོར98.4%དང97.2%ཡན་ལ་སླེབས་ཤིང་བརྟན་པོ་བྱུང་ཡོད། རིམ་རྩིས་བྱས་ན་དབང་པོ་སྐྱོན་ཅན815ལས་ཞུགས་བརྟན་པོ་ཡོང་རྒྱུར་རོགས་རམ་བྱས་པ་དང་། གེགས་མེད་ཁོར་ཡུག་འཛུགས་སྐྲུན་དང་གནད་སྨིན་ཁམས་གསོའི་ཞབས་ཞུ། ལས་ཞུགས་རོགས་སྐྱོར་བྱ་བའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

བྱེད་སྒོའི་ཉིན་མོར། ད་དུང་དབང་པོ་སྐྱོན་ཅན་གྱི་རིག་གནས་གཟའ་འཁོར་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི་བརྗོད་དོན་རིག་རྩལ་འགྲེམས་འཁྲབ་བྱས་ནས། དབང་པོ་སྐྱོན་ཅན་གྱིས་འབད་བརྩོན་ལྷོད་མེད་དང་ཧུར་བརྩོན་ཡར་བསྐྱེད་བྱེད་པའི་གསོན་ཉམས་ལྡན་པའི་བསམ་པའི་ཉམས་འགྱུར་མངོན་པ་དང་། དབང་པོ་སྐྱོན་ཅན་དང་བདེ་ཐང་མི་སྣའི་བློ་སེམས་གཅིག་མཐུན་དང་རོགས་རེས་མཉམ་འདྲེས་ཡིན་པའི་དྲོ་སྐྱིད་ལྡན་པའི་དྲང་ནུས་བརྒྱུད་སྤྲོད་བྱས།