མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་མཚོ་ལྷོའི་འགྲན་སྡུར་ལ་ཞུགས་པའི་མཐོང་ཐོས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས23ཉིན། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"རིམ་འདས་སྦྲེལ་འགྲན་སྐབས་གསུམ་པའི་རེས་སྐོར་གཉིས་པའི་འགྲན་སྡུར་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་ལ། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་དང་མཚོ་ལྷོ་ལུང་གཡང་རུ་ཁག་གིས་འགྲན་སྡུར་བྱས།

འགྲན་སྡུར་སྔོན་ལ། ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། མི་སེམས་འགུལ་བའི་གླུ་གཞས་རེ་རེ་དང་ངོ་མཚར་བའི་ཞབས་བྲོ་རེ་རེས་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་། ཡུལ་དངོས་ལ་གཞན་དང་མི་འདྲ་བའི་གསོན་ཤུགས་བསྩལ།


དུས་ཚོད15སྟེང་། མི་ཚོགས་ཀྱི་དགའ་འབོད་ཁྲོད། ཕྱོགས་གཉིས་ཀྱི་ལུས་རྩལ་པར་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཁེངས་བཞིན་འགྲན་རར་བསྐྱོད་དེ་ཕན་ཚུན་ལ་འཚམས་འདྲི་བྱས་རྗེས། ཤན་འབྱེད་པས་འགྲན་སྡུར་མགོ་བརྩམས་པའི་བརྡ་བརྒྱབ་པ་དང་མཉམ་དུ་འགྲན་སྡུར་དངོས་སུ་མགོ་བརྩམས། ཕྱོགས་གཉིས་ཀྱི་འགྲན་ཞུགས་པ་ཚོ་སྐབས་འགར་མགྱོགས་མྱུར་ངང་རྒྱུག་པ་དང་སྐབས་འགར་ཐབས་མཁས་ངང་རྐང་གྲུག་བརྒྱུད་སྤྲོད་བྱེད་པ། ཡང་སྐབས་འགར་འབད་བརྩོན་ཆེན་པོས་འཕྲོག་རེས་བྱས་པས་འགུལ་སྟངས་ཚང་མར་སྤོབས་པ་དང་སྤྲོ་སེམས་ཀྱིས་ཁེངས་ཡོད།


འགྲན་སྡུར་ཁྲོད། ལུས་རྩལ་པས་རྩལ་འགྲན་གྱི་ཚད་མཐོའི་ཆུ་ཚད་མངོན་པར་བྱས་ལ། འགྲན་ར་ཡོངས་སུ་ཤུགས་རྒྱོབས་སོགས་དགའ་འབོད་ཀྱི་སྐད་སྒྲར་མཚམས་ཆད་རྒྱུ་མེད་ཅིང་། ལྟད་མོ་བའི་སྤྲོ་སེམས་ཀྱིས་ཕྱོགས་གཉིས་ཀྱི་རུ་མིར་ངར་ཤུགས་བསྩལ་ཞིང་རིམ་བཞིན་འགྲན་སྡུར་ཆེས་ཛ་དྲག་གི་སྐབས་ལ་སླེབས། མཇུག་མཐར། མདོ་ལ་རི་བོ་བོད་ལུག་རུ་ཁག་དང་མཚོ་ལྷོ་ལུང་གཡང་རུ་ཁག་གཉིས0:2ཀྱི་གྲུབ་འབྲས་འོག་འགྲན་སྡུར་མཇུག་རྫོགས།



ཡུལ་དངོས་ཀྱི་ལྟད་མོ་བ་རྡོ་རྗེ་ཉི་མས་བཤད་རྒྱུར། རྐང་གྲུག་རྒྱག་མཁན་ཚོས་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་པའི་སྣང་བརྙན་དང་གནད་ལ་འཁེལ་བའི་འགོག་རྒོལ་རེ་རེས་འགྲན་སྡུར་ཁྲོད་རྒྱལ་ཁ་ལེན་རྒྱུའི་ཆོད་སེམས་མངོན་ཡོད་ལ། ཁོ་ཚོའི་དབར་གྱི་ཕན་ཚུན་གྱི་གཞོགས་འདེགས་ལས་ཚོགས་པའི་ཐུན་མོང་གི་སྟོབས་ཤུགས་ཀྱང་མངོན་ཡོད། རུ་ཁག་གཉིས་ཀྱི་འགྲན་ཞུགས་པས་རང་གི་རྩལ་འགྲན་ཆུ་ཚད་གང་ཡོད་བཏོན་པས་འགྲན་སྡུར་གྱི་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་རེད་ཟེར།