བོད་བྱང་ཐང་རང་བྱུང་སྲུང་སྐྱོབ་ཁུལ་ཉི་མ་རྫོང་གི་སྲོག་ཆགས་གཙོད་ཀྱི་གྲངས་འབོར་ཁྲི20ལས་བརྒལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


ཉེ་ལམ། གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ་ཉི་མ་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཕན་འབྲས་མངོན་གསལ་བླངས་ནས། ཁྱབ་ཁོངས་ཀྱི་སྟོངས་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེན་གྱི་གྲངས་འབོར་བརྟན་བརླིང་ངང་འཕེལ་ཡོད་ལ། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཉི་མ་རྫོང་ཁོངས་ཀྱི་གཙོད་ཀྱི་གྲངས་འབོར་ཁྲི20ལས་བརྒལ་ཞིང་། གསའ་སོགས་སྲོག་ཆགས་རྩ་ཆེན་རིགས་ཀྱི་རྗེས་ཤུལ་ཡང་མཐོང་ཐུབ། དུས་མཚུངས་སུ། ཉི་མ་རྫོང་གིས་བསྡོམས་པས་སྐོར་ཞིབ་ཐེངས5000དང་སྐོར་ཞིབ་ཆེ་གྲས་ཐེངས13སྤེལ། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས1000ལྷག་བསྐྱབས་མྱོང་། གཞན་ཡང་རེས་སྐོར་གསར་པའི་རྩྭ་ཐང་དུ་ཕྱུགས་འཚོ་ཚད་ཇེ་ཉུང་དུ་གཏོང་བའི་ལས་དོན་ལག་བསྟར་བྱས་ནས། ཚན་རིག་དང་མཐུན་པའི་ངང་ཕྱུགས་བཀག་ཁུལ་དང་ཕྱུགས་འཚོ་ཁུལ་བཀོད་སྒྲིག་བྱས་པས། རྩྭ་ཕྱུགས་དོ་མཉམ་བྱུང་ཚད100%ཟིན་ཡོད། །