བདེ་སྐྱིད་ཁུགས་སུ་སྐྱིད་པའི་ལྗང་མྱུག་འབུས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཤ་བཟང་ཐང་གྲོང་ཚོ་དྲུག་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་བསྐྱོད་སྐབས། ཞིང་པ་ཚོ་སྔོ་ཚལ་སྤྱིལ་ཁང་གི་ཕྱི་ནང་དུ་སྔོ་ཚལ་འདེབས་འཛུགས་དང་སྔོ་ཚལ་བཏོག་པའི་ལས་ལ་བྲེལ་བཞིན་འདུག

གདོང་སྣ་གྲོང་རྡལ་ཤ་བཟང་ཐང་གྲོང་ཚོ་དྲུག་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་འདི་ནི2014ལོར་ལས་མགོ་བརྩམས་ཤིང་། ཞིང་ཆེན་རིམ་པའི་སྒྲིག་བཀོད་ཞིང་ལས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི877.3བཏང་ནས་ཁྱོན་བསྡོམས་པས་སྤྱིལ་ཁང་རྐྱང་བ149ལས་པ་དང་མཉམ་འབྲེལ་སྤྱིལ་ཁང2ལས་པ་རེད། 2014ལོ་ནས2023ལོའི་བར།སྤྱིལ་ཁང་གཉེར་སྐྱོང་བྱེད་རིང་གྲོང་ཚོའི་མཉམ་ལས་ཀྱི་ཁེ་སྤོགས་མ་དངུལ་སྒོར་ཁྲི387.1བླངས། དེ་ཡང2023ལོའི་ལོ་མཇུག་ནས་བཟུང་ཕྱོགས་གསུམ་པའི་གཉེར་སྐྱོང་མཁན་གྱི་གཉེར་སྐྱོང་བྱེད་སྟངས་ལ་འཐུས་ཤོར་བྱུང་བའི་དབང་གིས་བསྟུད་མར་གྱོང་གུན་རེག་པས། མཐར་གྲོང་ཚོའི་མཉམ་ལས་གྲོས་མཐུན་མེད་པར་བཟོས་ནས་འདེབས་འཛུགས་རྟེན་གཞི་བེད་མེད་དུ་ལུས་སོང་།

ན་ནིང་ནས་བཟུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བཙུགས་པ་དང་ལག་ལེན་དུ་བསྟར་ནས“རྒྱུ་ནོར་མི་ཤོར་བ་དང་བེད་མེད་དུ་མི་བསྐྱུར་བ”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ནས“གཞི་གྲངས་གསལ་རྟོགས་དང་། རིགས་དབྱེ་སྲིད་ཇུས་ལག་བསྟར། གནད་ལ་འཁེལ་བའི་སྒོ་ནས་ཁྱབ་སྤེལ་གཏོང་བ”བཅས་ལས་ཀའི་ཁྲིད་སྟོན་དུ་བྱས་ཏེ་གདོང་སྣ་གྲོང་རྡལ་ཤ་བཟང་ཐང་གྲོང་ཚོ་དྲུག་པའི་འདེབས་འཛུགས་རྟེན་གཞི་དེ་ལས་ཀ་ཁག་དྲུག་གི་ཁྱབ་ཁོངས་སུ་བཅུག་པ་དང་། སྲིད་ཇུས་ཐོག་ནས་ཁག་གཅིག་ལ་རྒྱབ་སྐྱོར་དང་ཚོང་འགུག་དངུལ་འདྲེན། ཁག་གཅིག་རིམ་སྤོར་སྒྱུར་བཀོད་བཅས་བྱས་པ་བརྒྱུད། རྨ་ཆུའི་བཞུར་རྒྱུན་དུ་ཆགས་པའི་ཁྱད་འཕགས་ལེགས་ཆར་བརྟེན་ནས་ནུས་ལྡན་གྱི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་སྔ་རྗེས་སུ་སྦྲེལ་མཐུད་མ་དངུལ་སྒོར་ཁྲི504བཏང་ནས་དྲོད་ཁང64རིམ་སྤོར་སྒྱུར་བཀོད་བྱས་པ་དང་། ཚོང་འགུགས་དངུལ་འདྲེན་ཁེ་ལས་ཀྱིས་སྒོར་ཁྲི500ལྷག་ཙམ་གྲབས་གསོག་བྱས་ནས་སྤྱིལ་ཁང73ཉམས་གསོ་བྱས། ཐེན་ཅིན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི240བརྩོན་ལེན་བྱས་ནས་སྤྱིལ་ཁང་རྙིང་རལ་ཅན་བསྒྱུར་བཀོད་དང་ཞིག་གསོ་བྱས།

2025ལོའི་ཟླ10པར་གདོང་སྣ་གྲོང་རྡལ་ཤ་བཟང་ཐང་གྲོང་ཚོ་དྲུག་པ་དང་དུས་ཡུན་ལོ5ཡི་གཉེར་སྐྱོང་གན་རྒྱ་བཞག་པ་དང་འབྲེལ་ས་ཞིང་འཁོར་རྒྱུག་བྱེད་པའི་རྣམ་པའི་ཐོག་ནས་གྲོང་ཚོ་ཡོངས་ལ་ཁེ་སྤོགས་སྒོར་ཁྲི31བགོས་པ་དང་། ཆ་སྙོམས་ཀྱིས་ཟླ་རེར་ས་གནས་དེ་གའི་མང་ཚོགས30ལྷག་ཙམ་གླས་ནས་ལས་ཀ་ལས་སུ་བཅུག་པ་དང་། ཟླ་རེའི་ཆ་སྙོམས་ཀྱི་གླ་ཕོགས་སྒོར3000སྤྲད་དེ་ས་གནས་མང་ཚོགས་ལ་ཅུང་བརྟན་པོ་ཡོད་པའི་ལས་ཞུགས་ལས་རྐང་མཁོ་འདོན་བྱས་ནས་ཞིང་པའི་ཡོང་འབབ་ཇེ་མང་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་པ་ལྡན་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ལ་ཕན་འབྲས་འཐོབ་པར་ཕན་སྒྲུབ་དང་རོགས་སྐུལ་བྱས་ཡོད།
