མཚོ་བྱང་ཁུལ་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་སྒྲུབ་པའི་ཉིན་མོའི་བྱེད་སྒོ་སྤེལ་མགོ་བརྩམས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས3ཉིན། 2026ལོའི་མཚོ་བྱང་ཁུལ་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་སྒྲུབ་པའི་ཉིན་མོའི་མགོ་རྩོམ་མཛད་སྒོ་མདོ་ལ་རྫོང་དཀྱིལ་སྙིང་ཐང་ཆེན་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཐའོ་དང་། ཁུལ་དཔོན་གཞོན་པའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སྟག་ལྷ་བྱེད་སྒོར་ཞུགས།

བྱེད་སྒོའི་ཡུལ་དངོས་སུ་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་དང་ཚན་རྩལ་ཁྱབ་གདལ་ཤེས་བྱ་དྲིལ་སྒྲོག་ཁུལ། ཚན་རྩལ་བློ་འདྲིའི་ཞབས་ཞུའི་སྟེགས་བུ་བཅས་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་ཕྱུགས་ཚན་རྩལ། གནོད་འགོག་གནོད་སེལ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པར་མ་ཟད། སྦྱར་བྱང་བཀལ་བ་དང་འགྲེམས་སྟོན་སྒྲོག་པང་འཇོག་པ། ཚན་རྩལ་ཁྱབ་གདལ་དཔྱད་གཞིའི་ཡིག་རིགས་སྤྲོད་པ། ཡུལ་དངོས་སུ་དོགས་གནད་ལ་ལན་འདེབས་པ་སོགས་མང་ཚོགས་ལ་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཚན་རིག་གསར་གཏོད་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས། དེའི་རིང་། ད་དུང་ངོ་མཚར་བའི་རིག་རྩལ་འགྲེམས་འཁྲབ་བྱས་ནས་ཚན་རྩལ་གྲུབ་འབྲས་ལ་བསྟོད་བསྔགས་དང་ཚན་རྩལ་ལས་སྒྲུབ་པར་བསྟོད་བསྔགས་བྱས་ཏེ་སྤྲོ་སེམས་འཁོལ་བས་བྱེད་སྒོའི་རྣམ་པ་ཟབ་མོ་བཏོད།


ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་སྒྲུབ་པའི་ཉིན་མོའི་བྱེད་སྒོ་ནི་མཚོ་བྱང་ཁུལ་གྱིས"ལྔ་བཅོ་ལྔའི"ཚན་རྩལ་གསར་གཏོད་ཀྱི་མགོ་རྩོམ་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་ཐོན་ལས་རིམ་སྤོར་བྱེད་པ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན་ཞིང་། དེའི་དམིགས་ཡུལ་ནི་མུ་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད་དེ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་འཕེལ་བར་བྱས་ཏེ། མཚོ་བྱང་ཁུལ་གྱིས་ཐོན་ལས་ཀྱི"གནས་བཞི"སྐྲུན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་སྒུལ་ནུས་ཆེན་པོ་སྣོན་རྒྱུ་དེ་རེད།

ཉིན་དེར། ད་དུང་མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་མཛད་སྒོ་དང་། 2026ལོའི་མཚོ་བྱང་ཁུལ་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་སྒྲུབ་པའི་ཉིན་མོའི་བྱེད་སྒོའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁྱབ་གདལ་ཚོད་ལྟའི་ཡོ་བྱད་ཞལ་འདེབས་འབུལ་བའི་མཛད་སྒོ་དུས་གཅིག་ཏུ་སྤེལ།