མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་འཁོར20རིང་འགྲུལ་བ་མི་ཐེངས་དུང་ཕྱུར1ལྷག་སྐྱེལ་འདྲེན་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པར་འདི་ནི2025ལོའི་ཟླ3པའི་ཚེས26ཉིན་བོད་ལྗོངས་སུ་སྐྱོད་པའི་ཡུལ་སྐོར་བ་ཟི་ལིང་འབབ་ཚུགས་སུ་མེ་འཁོར་ལ་སྡོད་པའི་རྣམ་པ་རེད།
གསར་འགོད་པས་ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོ་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པའི་རིང་བསྡོམས་པས་འགྲུལ་བ་མི་ཐེངས་དུང་ཕྱུར1.04དང་དངོས་ཟོག་ཏུན་དུང་ཕྱུང8.24སྐྱེལ་འདྲེན་བྱས་ཡོད།
མཚོ་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1956ཡོད་པ་དང་ཤར་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ནུབ་ཕྱོགས་ཀྱི་བོད་ལྗོངས་ལྷ་ས་གྲོང་ཁྱེར་བར་ཡིན། དེ་ནི་འཛམ་གླིང་ཐོག་ཆ་སྙོམས་ས་བབ་མཐོ་ཤོས་དང་ལམ་ཐིག་རིང་ཤོས་ཀྱི་མཐོ་སྒང་ལྕགས་ལམ་ཞིག་ཡིན་ལ། དེས་བོད་ལྗོངས་སུ་ལྕགས་ལམ་ཤར་གཏོང་བྱས་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།

པར་འདི་ནི2024ལོའི་ཟླ5པའི་ཚེས27ཉིན། མེ་འཁོར་ཞིག་ཨ་ཆེན་གངས་རྒྱབ་ཀྱི་སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ཉེ་འགྲམ་དུ་སྐྱོད་པའི་རྣམ་པ་རེད།
མཚོ་བོད་ལྕགས་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཡན་དུ་ཟིན་པའི་ས་ཁུལ་སྤྱི་ལེ960ལ་སླེབས་པ་དང་། དབྱང་འདུས་ཚད་ཕལ་ཆེར་བདེ་ཐང་ས་ཁུལ་གྱི60%ལས་མེད་པ། གནམ་གཤིས་ངན་པ་དང་འཚོ་བ་ཐབས་སྡུག་ཡིན་པས་འཁོར་སྐྱོད་ཚོང་གཉེར་གྱི་ཁོར་ཡུག་རྙོག་འཛིང་ཆེ། ལོ་ངོ20ཡི་རིང་། ལྕགས་ལམ་སྡེ་ཁག་གིས་གསར་གཏོད་ལ་ཤུགས་བསྣན་ནས་ས་བབ་མཐོ་སར་འཚམ་པ་དང་མི་མེད་ཅན་གྱི་རིག་ནུས་འཁོར་སྐྱོད་ཉམས་གསོའི་དོ་དམ་མ་ལག་རིམ་བཞིན་བཏོད་དེ། མཚོ་བོད་ལྕགས་ལམ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཚོང་གཉེར་ཐུབ་པར་འགན་ལེན་ཏན་ཏིག་བྱས།

པར་འདི་ནི2026ལོའི་ཟླ6པའི་ཚེས29ཉིན་ལྷ་ས་འབབ་ཚུགས་སུ་འགྲུལ་བ་མེ་འཁོར་ལ་སྡོད་པའི་རྣམ་པ་རེད།
འགྲུལ་སྐྱེལ་ཐད། མཚོ་བོད་ལྕགས་ལམ་གྱི་ཉིན་རེར་དུས་གཏན་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་གྲངས་འབོར2006ལོའི་10ནས2026ལོའི26བར་ཇེ་མང་དུ་བཏང་བ་དང་། ལོ་ངོ20ཡི་རིང་བོད་ལྗོངས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་སློབ་མ་མི་ཐེངས་ཁྲི450ལས་བརྒལ་བ་སྐྱེལ་འདྲེན་བྱས། ཟོག་འདྲེན་ཐད། ཉིན་རེར་ཆ་སྙོམས་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ཤར་གཏོང་བྱས་པའི་གྲངས་འབོར2006ལོའི24ནས་མིག་སྔའི་མེ་འཁོར136ལ་འཕར་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས5.6%འཕར་ནས་མཚོ་བོད་མཐོ་སྒང་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་བྱས།

པར་འདི་ནི་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ཞིག་མཚོ་སྔོན་ཟི་ལིང་ནས་ལྷ་སའི་ཕྱོགས་སུ་གཏོང་བའི་རྣམ་པ་རེད།
ལོ་ངོ20ཡི་རིང་། མཚོ་སྔོན་དང་བོད་ལྗོངས་ཀྱིས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར1170.2ལེགས་འགྲུབ་བྱུང་བ་དང་། ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྤྱི་ལེ2207.8ནས་སྤྱི་ལེ4060.1ལ་འཕར་ཏེ83.9%འཕར་སྣོན་བྱུང་ཡོད་ལ། མཚོ་བོད་ལྕགས་ལམ་སྲོག་ཤིང་ཡིན་པའི་མཐོ་སྒང་གི་ལྕགས་ལམ་དྲ་རྒྱ་མགྱོགས་མྱུར་ངང་གྲུབ་ཡོད།།