网站无障碍
བོད་ལྗོངས་ཀྱིས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་དུ་བཏང་བ།
发布时间:2026年07月27日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

图片

པར་འདི་ནི་ལྷ་གཞིས་མཐོ་རིམ་གཞུང་ལམ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཐད་གཞི་ཁྱོན་ཆེ་རུ་ཕྱིན་པ་ནས་དྲ་རྒྱའི་སྐྱོན་ཆ་སེལ་བ་དང་སྤུས་འདེགས་ནུས་སྤེལ་ཡོང་བ་གཙོ་གནད་དུ་འཛིན་པའི་བར་འགྱུར་ལྡོག་བྱུང་བ་དང་། རྨང་གཞིའི་རང་བཞིན་དང་ཐ་སྐྱོང་རང་བཞིན་གྱི་ལས་འགན་ལེགས་སྒྲུབ་བྱེད་པ་ནས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པའི་བར་འགྱུར་ལྡོག་བྱུང་བ། སྤྱི་དམངས་ཕྱིར་སྐྱོད་ཐུབ་པ་ནས་ཡག་པོ་སྐྱོད་ཐུབ་པའི་བར་འགྱུར་ལྡོག་བྱུང་ཡོད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ལིའུ་ཀྲི་ཆང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2025ལོའི་ལོ་མཇུག་བར་བོད་ལྗོངས་སུ་གཞུང་ལམ་སྤྱི་ལེ་ཁྲི12.52ཡོད་ཅིང་། དེའི་ནང་རིམ་ལྡན་གཞུང་ལམ་སྤྱི་ལེ་ཁྲི11ཟིན་པ་དང་། རྒྱལ་ལམ་དཀྱུས་མའི་རིམ་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད95%ཟིན་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཚད100%རྒྱུན་འཁྱོངས་ཐུབ་པ། གཞུང་ལམ་གྱི་སྤུས་ཀ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད།

图片

པར་འདི་ནི་ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་དབར་གྱི་མཐོ་རིམ་གཞུང་ལམ་ལྷ་གཞིས་ལྕགས་ལམ་བརྒྱུད་ནས་འགྲོ་བའི་རྣམ་པ་རེད།

ལྷ་གཞིས་དང་ནག་ལྷ་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆབས་ཅིག བོད་ལྗོངས་སུ་ལྷ་ས་ལྟེ་བར་བྱས་ཤིང་ནག་ཆུ་དང་། ལྷོ་ཁ། གཞིས་ཀ་རྩེ། ཉིང་ཁྲི་བཅས་སུ་ཁྱབ་པའི“གྲོང་ཁྱེར་ལྔ་ཆུ་ཚོད་གསུམ་ནང་ཚུན་དུ་སྐོར་ཐུབ་པའི”མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཚོམས་ཞིག་ཆགས་ཏེ། ས་ཁུལ་དང་གྲོང་ཁྱེར་ལྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ཐུབ་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། G109དང་། G318 ། G219སོགས་བོད་ལྗོངས་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེན་པོའི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་བྱས་པ་དང་ཆབས་ཅིག G318བརྒྱུད་བོད་ལྗོངས་སུ་འགྲོ་འོང་བྱེད་པའི་ལམ་ཐག་སྤྱི་ལེ120ལྷག་ཇེ་ཐུང་དུ་ཕྱིན་པ་དང་ཆུ་ཚོད5ལྷག་གྲོན་ཆུང་ཐུབ་ཡོད། གཞུང་ལམ་གྱི་མ་ལམ་སྤུས་ཚད་དང་རིམ་པ་སྤར་བ་དེས་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས་སོགས་ཐད་ཀྱི་བོད་ལྗོངས་དང་ཞིང་ཆེན་གཞན་དབར་གྱི་སྤེལ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་ཕྱིན་ཡོད།

ད་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པའི་ལོ་ཡིན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་བོད་ལྗོངས་ཀྱི་ལྕགས་ལམ་དྲ་རྒྱ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ལས་གྲུབ་པའིYདབྱིབས་ཅན་གྱི་ལྕགས་ལམ་གྱི་མ་ལམ་ལྷ་ས་དང་། ལྷོ་ཁ། ནག་ཆུ། གཞིས་ཀ་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་ལྔར་ཤར་གཏོང་ཐུབ་ཡོད། བོད་ལྗོངས་ཀྱི་ལྕགས་ལམ་དྲ་རྒྱའི་ཚགས་དམ་ཚད་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་རེར་ལྕགས་ལམ་སྤྱི་ལེ6.5ནས་སྤྱི་ལེ9.8བར་མཐོ་རུ་ཕྱིན་ཡོད།

ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཀྲུའུ་ཧུང་པིན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལྕགས་ལམ་སྡེ་ཚན་གྱིས་ཟོག་འདྲེན་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་ནས་མཐོ་སྒང་གི་དངོས་ཟོག་ཡག་པོ་རྒྱལ་ཡོངས་སུ་ཁྱབ་རྒྱུར་རམ་འདེགས་བྱས་པ་དང་། ལྕགས་ལམ་ནི་བོད་ལྗོངས་ཀྱི་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི“བར་ཁྱམས་ཡག་ཤོས”སུ་གྱུར་ནས་མཚོ་བོད་མཐོ་སྒང་གི་ཡུལ་སྐོར་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསར་འགོད་པར་བཤད།

དམངས་སྤྱོད་མཁའ་འགྲུལ་གྱི་འགྲིམ་འགྲུལ་ཐད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་བོད་ལྗོངས་ཀྱིས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ལྟེ་བར་བྱས་པའི“མ་ལམ་གཅིག་དང་ཡན་ལག་བདུན”གྱི་སྐྱེལ་འདྲེན་གནམ་གྲུ་ཐང་བཀོད་སྒྲིག་བྱས་པ་དང་། མཁའ་ལམ་ལམ་ཐིག204བཏོད་པ། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར84ལ་ཤར་གཏོང་ཐུབ་པ། འགྲུལ་པ་ལྷ་ས་ནས་ལམ་དུ་ཆས་པའི་ཉིན་དེའི་རིང་ལ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་གྲས་སུ་འབྱོར་ཐུབ་ཡོད། །