ད་ལོའི་མཐོ་སྒང་མི་རིགས་གོས་རྒྱན་བཤམ་སྟོན་འགྲན་སྡུར་མཇུག་བསྒྲིལ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ཏེ་དར་བོད་ཀྱི་གོས་རྒྱན་བཤམས་སྟོན་ཁང་དང་། བྲག་མགོ་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་ཐོན་ལས་གླིང་སོགས་ཀྱིས་མཐུན་རྐྱེན་བསྐྲུན་པའི་མཐོ་སྒང་མི་རིགས་གོས་རྒྱན་བཤམ་སྟོན་འགྲན་སྡུར་ཆེན་མོ་སྐབས་གསུམ་པ་ལ་གླུའི་ཕ་ཡུལ། ལག་ཤེས་སྒྱུ་རྩལ་གྱི་ཕ་ས་གནས་མཆོག་བྲག་མགོ་རུ་འཚོགས་པ་རེད།

ཐེངས་འདིའི་གོས་རྒྱན་འགྲན་བསྡུར་ཐོག་མི་རིགས་རིག་གནས་ལ་དུང་བ་ཆེ་ཞིང་། མི་རིགས་གོས་རྒྱན་རིག་གནས་ཀྱི་མཚར་སྡུག་གོས་སུ་བཀླུབས་པའི་ཕྱོགས་སོ་སོའི་འགྲན་ཞུགས་པ་རྣམས་གནས་མཆོག་བྲག་མགོ་ལ་མཉམ་དུ་འཛོམས་ནས། མི་རིགས་རྒྱན་གོས་ཀྱི་ཡིད་འོང་མཚར་སྡུག་ཚོགས་རའི་ཡུལ་དངོས་དང་དྲ་ལམ་ཐད་གཏོང་ལ་གཟིགས་བཞིན་པའི་ལྟད་མོ་པ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་བ་རེད།

འགྲན་ཞུགས་པ་རྣམས་ཀྱིས་རང་རང་སོ་སོས་གོས་སུ་གྱོན་པའི་གོས་རྒྱན་གྱི་ཁྱད་ཆོས་དང་ཐུན་མིན་གྱི་དགེ་མཚན་ངོ་སྤྲོད་བྱས་ཤིང་། ལྡེམ་ལྡེམ་གྱི་འགྲོས་དང་བསྟུན་ནས་གོས་རྒྱན་ཤོམ་སྟོན་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་མིག་གི་ལྟད་མོ་ཆེ་ཞིང་། བསམ་བློའི་རིན་ཐང་ལྡན་པའི་འགྲན་སྡུར་གྱ་ནོམ་པ་ཞིག་སྤེལ་བ་རེད།

ཐེངས་འདིའི་གོས་རྒྱན་འགྲན་སྡུར་ཁྲོད་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་འགྲན་ཞུགས་ཚོ་ཆུང་ཉེར་དགུ་ལས་མངའ་རིས་དགེ་རྒྱས་ནས་ཕེབས་པའི་འགྲན་ཞུགས་པ་བདེ་སྐྱིད་སྒྲོལ་མ་ཚོ་ཆུང་གིས་སྲོལ་རྒྱུན་གོས་རྒྱན་གྱི་ཨང་དང་པོ་དང་། བྲག་མགོ་རྫོང་གི་བདེ་སྐྱིད་ལྷ་མོས་དེང་རབས་གོས་རྒྱན་གྱི་ཨང་དང་པོ་བླངས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གོས་རྒྱན་འགྲན་སྡུར་སྤེལ་བའི་རིང་ལ། ད་དུང་བོད་ཀྱི་གོས་རྒྱན་རིག་གནས་བཞུགས་མོལ་ཚོགས་འདུ་སྐབས་བཞི་པ་བསྡུས་ནས། རང་མི་རིགས་ཀྱི་གོས་རྒྱན་རིག་གནས་འཛིན་སྐྱོང་སྤེལ་གསུམ་སྐོར་ལ་བགྲོ་གླེང་གང་ལེགས་གནང་བར་མ་ཟད། རྒྱལ་རོང་དང་བདེ་ཆེན་གྱི་གོས་རྒྱན་དེབ་གསར་འགྲེམ་སྤེལ་བྱས་པ་རེད།

དེ་དང་མཉམ་དུ་ད་དུང་མཐོ་སྒང་བུད་མེད་ཀྱི་བདེ་ཐང་དང་ལས་གཏོད་ཡར་སྐུལ་ཚོགས་འདུ་སྐབས་གཉིས་པ་བསྡུས་ནས། མཐོ་སྒང་བུད་མེད་ཀྱི་བདེ་ཐང་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་བའི་འབྲེལ་ཡོད་ཆེད་མཁས་དང་། ལས་རིགས་སོ་སོའི་བུད་མེད་འཇོན་ཐང་ཅན་རྣམས་གདན་ཐོག་གཅིག་ལ་འཛོམས་ནས་བུད་མེད་ཀྱི་བདེ་ཐང་དང་ལས་གཏོད་སྐོར་ལ་རང་རང་སོ་སོའི་ངོས་ཐད་ནས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱིས་དགོངས་འཆར་དང་ཉམས་མྱོང་མཉམ་སྤྱོད་གང་ལེགས་གནང་བ་རེད།

དེར་བརྟེན་བྲག་མགོ་རྫོང་གི་མཐོ་སྒང་མི་རིགས་གོས་རྒྱན་འགྲན་སྡུར་ཆེན་མོ་ནི་གོས་རྒྱན་ཤོམ་སྟོན་ཙམ་ཞིག་མ་ཡིན་པར་དེ་ནི་མི་རིགས་ཀྱི་གོས་རྒྱན་རིག་གནས་ཕྱོགས་ཡོངས་ནས་འཛིན་སྐྱོང་སྤེལ་གསུམ་གནང་བའི་སྡིངས་ཆ་གལ་ཆེན་དང་། ནང་སྒོས་སུ་རྣམ་པ་ཕུན་སུམ་ཚོགས་པའི་ས་གནས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།