ཡུལ་དངོས་ནས་གྲུབ་འབྲས་ལ་ལྟ་སྦྱོང་བྱེད། སྟོབས་བསྡུས་ཀྱིས་འཕེལ་རྒྱས་ལ་ནུས་པ་སྤྲོད།丨ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིས་ཞིང་ཆེན་ཡོངས་ཀྱི་ནོར་གནག་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྦྱོང་བྱས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས6ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་གསེར་དངུལ་ཐང་དུ་འཛོམས་ནས་ཞིང་ཆེན་ཡོངས་ཀྱི་ནོར་གནག་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྦྱོང་བྱས་པ་དང་། མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྣ་ཚོགས་ལ་བྱིང་སིམ་རྣམ་པའི་མྱོང་དཔྱད་བྱས་ཏེ་མཚོ་བྱང་གི་སྐྱེ་ཁམས་ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཆས་རྟགས་ཀྱི་སྤུས་ཚད་མཐོར་གཏོང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་གཡུར་ཟའི་གྲུབ་འབྲས་ལ་ཐད་ཀར་མྱོང་རོལ་བྱས་ཤིང་། ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་མཐོ་སྒང་ཞིང་ཕྱུགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ལ་ཤེས་རྟོགས་བྱས།

འགྲེམས་ཁུལ་ནང་། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་ཁེ་ལས81གིས་ཁྱད་ལྡན་ཐོན་རྫས་སྣ་ཁ280ལྷག་ཙམ་འཁྱེར་ནས་མཉམ་དུ་འགྲེམས་སྟོན་བྱས་པ་དང་། མཚོ་བྱང་རྫོང་བཞིའི་རིག་གནས་གསར་གཏོད་ཁེ་ལས14ཡིས་རིགས87གྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས447འཁྱེར་ཡོང་བས་འགྲེམས་སྟོན་ཐོན་རྫས་སོ་སོར་ཁྱད་ཆོས་ལྡན། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་ནོར་གནག་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པ་དང་། མཚོ་བྱང་གི"5+8+N"གྱི་ཐབས་སྒྱུར་གསབ་རེས་དང་སྣ་མང་འཕེལ་རྒྱས་ཀྱི་ཞིང་ཕྱུགས་ཐོན་ལས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་ཡོད།

ཉེ་བའི་ལོ་ཤས་རིང་། ཏང་གི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག མདོ་ལ་རི་བོའི་རྩྭ་ཐང་ཆེན་པོ་དང་མཚོ་སྔོན་པོ་བྱང་ངོགས་ཀྱི་སྤུས་ལེགས་ཕྱུགས་ར་དང་། འཇུ་ལག་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་རྒྱ་མཚོ་སོགས་ཞིང་ཕྱུགས་ཐོན་ཁུངས་ལ་གཞི་ཚུགས་ནས། "རྫོང་གཅིག་ལ་ལས་རིགས་གཅིག་དང་། ཡུལ་ཚོ་གཅིག་ལ་ཁྱད་ལྡན་གཅིག སྡེ་བ་གཅིག་ལ་ཐོན་རྫས་གཅིག"བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་ཐོན་སྐྱེད་བརྟན་པོ། ཆས་རྟགས་གཏོད་པ། ཚན་རྩལ་གསར་གཏོད་སོགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ། ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད་ལེགས་པར་སྒྲུབ་པ། གསར་དར་ལས་རྣམ་མང་པོ་གསོ་སྐྱོང་བཅས་བྱས། "མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ"ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཧུར་ཐག་བཏོད་དེ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད། བདེ་ཐང་ཆེན་པོའི་ཐོན་རྫས། ནགས་ཁྲོད་དཔལ་འབྱོར་དང་དེ་བཞིན་ཆུའི་ཐོན་ཁུངས་ཀྱི་ཐོན་རྫས་བཅས་ཁྱོན་བསྡོམས་སྣ་ཁ1400ལྷག་ཙམ་ཟིན་ཡོད། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་གྱི་ཚད་ལོན་ཚད98%ཡན་བརྟན་པོ་བྱུང་བ་དང་ཞིང་ལས་ཐོན་རྫས་གཙོ་བོ་ལས་སྣོན་གཞན་སྒྱུར་བྱེད་ཚད65%ཟིན་ཡོད། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཆས་རྟགས91"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"གི་དཀར་ཆག་ནང་བདམས་ཐོན་བྱུང་ནས"ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས+ཁེ་ལས་ཆས་རྟགས+ཐོན་རྫས་ཆས་རྟགས"ཀྱི་ཆས་རྟགས་གྲུབ་ཚུལ་བཏོད་པ་དང་། "རྫས་གསུམ་རྟགས་གཅིག"གི་ཁས་ལེན་ཐོན་རྫས268དང་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གསར་པ་གྲགས་ཅན31། ཞང་ཀང་གི་སྤུས་ལེགས"དངོས་གཞིའི"ཁས་ལེན་དཔང་འདོན་རྣམ་གྲངས་མང་པོ་བཅས་ཀྱིས་མཚོ་བྱང་མཐོ་སྒང་གི་ཞིང་ཕྱུགས་ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས"མ་བཅོས་རྒྱུ་ཆ་ཕྱིར་གཏོང"ནས"རིན་ཐང་ཕྱིར་གཏོང"ཕྱོགས་སྒྱུར་བདེ་བླག་ངང་མངོན་འགྱུར་ཡོང་བ་བྱས་ཏེ་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་དམངས་འཚོའི་ལེགས་ཆར་ཏན་ཏིག་འགྱུར་བར་བྱས་ཡོད།

“སྤུས་ལེགས་ཐོན་རྫས་རེ་རེའི་རྒྱབ་ཏུ་ཐོན་ལས་ཀྱི་རིམ་འཇུག་རིམ་འཕར་ཡོད་པར་མ་ཟད། ཏང་གི་སྲིད་ཇུས་ཀྱིས་རྩྭ་ཐང་དང་ཕྱུགས་ལས་ལ་སྤྲད་པའི་གསོན་ཉམས་དོད་པའི་དྲིས་ལན་དེ་བས་ཀྱང་ཡིན།” འཇུ་ལག་རྫོང་རྩྭ་ཐང་ས་ཚིགས་ཀྱི་མགོ་གཙོ་གཞོན་པའམ་མཐོ་རིམ་རྩྭ་ཐང་གི་དགེ་རྒན་ཁྲེན་ཅི་ཀུའེ་ཡིས་ལོ་མང་རིང་རྩྭ་ཐང་ཕྱུགས་ལས་ལག་རྩལ་གྱི་འཐབ་ཕྱོགས་དང་པོར་གཞི་བཙུགས་ནས་སྲིད་ཇུས་ཀྱི་ནུས་པ་ཐོན་པའི་འོག་རྩྭ་ཐང་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་གསོ་སྤེལ་བྱེད་སྟངས་རིམ་བཞིན་རིམ་སྤོར་བྱས་པ། ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བ་བཅས་དངོས་སུ་བདེན་དཔང་ར་སྤྲོད་བྱས་ཏེ་ཁོས་བཤད་རྒྱུར། སྐྱེ་ཁམས་སྔོན་ལ་འཇོག་པའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་མཐུན་སྦྱོར་འཕེལ་རྒྱས་ལ་དམ་པོར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་སྤུས་ཚད་མཐོར་འདེགས། འབྲོག་པའི་ཡོང་འབབ་འཕར་བ་བཅས་ཕན་ཚུན་སྐུལ་འདེད་གཉིས་ཕན་གྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ལ་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་མཁར་ནུབ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཧྲུའུ་ཆིན་གྱིས་ཁུལ་ཡོངས་ཀྱི་ཐོན་ལས་དམངས་ཕྱུག་གི་ཕན་འབྲས་ལ་མྱོང་ཚོར་ཟབ་མོ་ཐོབ་ནས་མོས་གླེང་དོན། མཚོ་བྱང་གི་ཞིང་ཕྱུགས་ཐོན་ལས་དེ་རྒྱུ་ཆ་རྐྱང་པ་ཕྱིར་ཚོང་བྱེད་སྟངས་ལས་བརྒལ་ཏེ་ལས་སྣོན་ཞིབ་ཚགས་དང་རིག་གནས་གསར་གཏོད་ཀྱི་ནུས་པ་སྤྲོད་པ། ཆས་རྟགས་གཏོད་པ་བཅས་ལ་བརྟེན་ནས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་ནས་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དེས་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྟོབས་ཤུགས་ཆེན་པོ་གང་ལེགས་སྒོས་མངོན་ཡོད། སྡེ་ཁུལ་གྱི་བྱ་བའི་དོན་དངོས་ལ་གཞི་བཙུགས་ནས་མོས་བཤད་རྒྱུར། མ་འོངས་པར་ཞིང་ཕན་སྲིད་ཇུས་དྲིལ་སྒྲོག་དང་གསལ་འགྲེལ་རྒྱུན་མཐུད་ཡག་པོ་བྱས་ཏེ་རིགས་སོ་སོའི་ཐོན་ལས་ཐོན་ཁུངས་སྦྲེལ་མཐུད་ཧུར་ཐག་དང་འབྲེལ་གཏུག་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཐོན་ལས་དམངས་ཕྱུག་གི“མཐའ་མའི་སྤྱི་ལེ་གཅིག”གཏོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཟེར།

ལྟ་སྦྱོང་ཡུལ་དངོས་སུ་ཏང་གི་འཐུས་མི་ཚོས་འགྲོ་ཞོར་དང་ལྟ་ཞོར་དུ། ཆས་རྟགས་གསོ་སྐྱོང་དང་ཐོན་ལས་ཚན་རྩལ་གསར་གཏོད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་སོགས་གཙོ་གནད་བྱ་བར་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་ཐུན་མོང་ཐོག་ཐོན་ལས་ཀྱི་མ་འོངས་པ་གླེང་ལ། ཐེངས་འདིའི་ལྟ་སྦྱོང་ནི་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ངར་ཤུགས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་འགྲུལ་བཞུད་ཅིག་ཡིན་པའི་ངོས་འཛིན་བྱས།

ལྟ་སྦྱོང་མཇུག་སྒྲིལ་རྗེས་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ངོ་མཚར་བའི་གླུ་གར་འཁྲབ་སྟོན་བྱས་ལ། མཐོ་སྒང་གི་གླུ་དང་གར་གྱིས་དུས་རབས་ཀྱི་འགྱུར་ལྡོག་ཆེན་པོར་བསྟོད་བསྔགས་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་དྲིན་ཚོར་ཡར་བརྩོན་དང་བསམ་པ་ཏང་ལ་ཕྱོགས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས།