བོད་ལྗོངས་སྐྱིད་གྲོང་འགག་སྒོར་འདམ་རུད་གནོད་འཚེ་བྱུང་ནས་ཕྱོགས་མང་པོས་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ30ཙམ་ལ། ནེ་པ་ལའི་ཕྱོགས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་བ་ལས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་དང་འབྲེལ་ཆད་གནས་ཚུལ་བྱུང་ཡོད།

ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ30ཙམ་ལ། ནེ་པ་ལ་རྒྱལ་ཁབ་ཀྱི་ས་མཚམས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་བ་ལས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་དང་འབྲེལ་བ་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་། གནོད་འཚེ་བྱུང་རྗེས། འཕྲལ་བསྟུན་དོ་དམ་པུའུ་ཡིས་མྱུར་དུ་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རུ་མི249དང་། ཀྲུང་གོ་བདེ་འཇགས་ནུས་རྒྱུ་ཀུང་སི། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིའི་རིགས་སོ་སོའི་ལས་གཞི་མྱུར་སྐྱོབ་སྟོབས་ཤུགས་མི325ཡུལ་དངོས་སུ་རོགས་སྐྱོར་བྱེད་པར་མངག་པ་རེད། རྒྱལ་ཁབ་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་རིམ་པ་གཉིས་པའི་གེགས་སེལ་ཛ་དྲག་ངང་མགོ་བརྩམས་ཏེ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་སྦྲ་གུར་དང་དྲོད་ལེན་འཕྲུལ་འཁོར། གྱོན་ཆས། ཉལ་ཁྲི་ལྟེབ་མ། བརླན་འགོག་གདན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་རྫས་ཁྲི3བཀོད་སྒྲིག་བྱས་ནས། མང་ཚོགས་གནས་སྤོ་བདེ་འགོད་དང་གེགས་སེལ་རོགས་རམ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས།

ཚེས26ཉིན་གྱི་ཆུ་ཚོད17བར་དུ། བོད་ལྗོངས་དམག་ཁུལ་གྱིས་མདུན་ཕྱོགས་བཀོད་འདོམས་ཚོགས་པ་ས་གནས་དེར་མངགས་གཏོང་བྱས་པ་མ་ཟད། མྱུར་དུ་སྨན་བཅོས་སྲོག་སྐྱོབ་དཔུང་ཁག་ཀྱང་རྩ་འཛུགས་བྱས་ཤིང་། བོད་ལྗོངས་གཞིས་ཀ་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་གཉིས་པ་ལས་མི130ལྷག་དང་འཕྲུལ་ཆས་སྒྲིག་ཆས་རྣམས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཞིས་ཀ་རྩེ་ཡན་ལག་རུ་ཁག་གི་དཔོན་དམག་མི140ལྷག་གིས་ཆེད་ལས་གེགས་སེལ་ཡོ་བྱད་འཁྱེར་ནས་ཉེན་སེལ་མྱུར་སྐྱོབ་ཡུལ་དངོས་སུ་བསྐྱོད་པ་རེད།

བོད་རང་སྐྱོང་ལྗོངས་འཕྲལ་བསྟུན་དོ་དམ་ཐིང་གིས་རླངས་འཁོར152དང་ལས་བྱེད་པ792མངག་ཏེ་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་དེ་འཕྲུལ་བསྟུན་མྱུར་སྐྱོབ་བྱེད་པ་དང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བསྡོམས་པས་རླངས་འཁོར72དང་། མེ་ཟོན་རོགས་སྐྱོབ་མི་སྣ431ཁྲིད་དེ། འཚོལ་སྐྱོབ་ཁྱི་དང་ཚེ་སྲོག་འཚོལ་ཞིབ་ཡོ་བྱད། གྲུ་གཟིངས་བཅས་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་ཡུལ་དངོས་སུ་འབྱོར་བ་རེད།

ཉིན་དེར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར1མྱུར་དུ་བཀོད་སྒྲིག་བྱས་པ་དང་། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་རང་བྱུང་གནོད་འཚེའི་གནོད་སེལ་མ་དངུལ་སྒོར་དུང་ཕྱུར1.2སྔོན་ལ་བཏང་སྟེ། བོད་ལྗོངས་ཀྱིས་འཕྲལ་བསྟུན་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས། །
