2026ལོའི་རྒྱལ་ཡོངས་ཚན་སྤེལ་ཟླ་བའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་མགོ་ཚུགས་པ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས30ཉིན། 2026ལོའི་རྒྱལ་ཡོངས་ཚན་སྤེལ་ཟླ་བའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལུའུ་ཧྲར་གྲོང་རྡལ་གྱི་སྐུ་འབུམ་དགོན་པའི་ཐང་ཆེན་དུ་སྤེལ་མགོ་ཚུགས། ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་བསྒྲུབས་པ་ཡིན།

བྱེད་སྒོ་འདིས“ཚན་རྩལ་གྱིས་འཚོ་བ་ལ་འགྱུར་ལྡོག་གཏོང་། གསར་གཏོད་ཀྱིས་འབྱུང་འགྱུར་དུ་རྒྱལ་བར་བྱེད”ཅེས་པ་བརྗོད་དོན་དུ་བྱས་ཏེ། ཚན་གཏོད་ནུས་གནང་དང་ཚན་སྤེལ་དམངས་ཕན། མཐུན་སྒྲིལ་བློ་སྦྱོང་བཅས་ལ་དམིགས་ནས། སྤྱིའི་ཆ་ནས་མགོ་ཚུགས་མཛད་སྒོ་དང་། གར་སྟེགས་གཙོ་བོའི་ཚན་རིག་འཁྲབ་སྟོན། གཅིག་བསྡུས་འགྲེམས་སྟོན་བཅས་རིགས་གསུམ་བཀོད་སྒྲིག་བྱས་ཡོད། ཡུལ་དངོས་སུ་མི་ཐབས་རིག་ནུས་ཀྱི་ཆེད་དོན་ཉམས་ལེན་ཁུལ་དང་ཐོན་ལས་ཚན་སྤེལ། སྐྱེ་ཁམས་ཚན་སྤེལ། ཚན་སྤེལ་སློབ་གསོ་བཅས་བརྗོད་དོན་འགྲེམས་ཁུལ་ཆེན་པོ་གསུམ་བཙུགས་ཡོད། དེར་འཕྲུལ་མིའི་མཉམ་འགུལ་ཉམས་ལེན་དང་། AIརིག་ནུས་ཉམས་ལེན། ཚན་རིག་དངོས་བཤེར་འགྲེམས་སྟོན། ཚན་རྩལ་ཤེས་བྱའི་དྲི་བ་དྲིས་ལན། དམངས་ཕན་དགེ་དཔྱད་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་ཡོད། ཟབ་ཞུགས་རྣམ་པ་དང་མཉམ་འགུལ་རྣམ་པའི་ཚན་སྤེལ་བྱེད་སྟངས་བརྒྱུད། མི་རིགས་སོ་སོའི་མང་ཚོགས་མདུན་གྲལ་ཚན་རྩལ་གྱི་ཉེ་སར་བཅར་ཏེ། ཚན་རིག་ཤེས་བྱ་ལ་སློབ་སྦྱོང་བྱེད་པ་དང་། ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་བཅས་བྱེད་དུ་བཅུག

འཕྲུལ་མིས་འཁྲབ་སྟོན་བྱེད་བཞིན་པ།
མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་གི་ལས་སྒྲུབ་མི་སྣས2025ལོའི《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》གྱི་བསྡུས་དེབ500ཙམ་དང་། གཞན་ཡོམ་འགོག་གནོད་སེལ་དང་བཟའ་བཏུང་བདེ་ཐང་། ལྗང་མདོག་རྩིས་ནུས། སྤུས་གསར་ཐོན་སྐྱེད་ནུས་ཤུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་བརྗོད་དོན་ལྔ་ཚུད་པའི་སྐད་གཉིས་ཚན་སྤེལ་ལག་དེབ1800ཙམ། 2026ལོའི《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》200ལྷག་བཅས་ཡུལ་དངོས་ནས་མང་ཚོགས་ལ་འདོན་སྤྲོད་བྱས་ཐོག ཡུལ་དངོས་སུ་ཕེབས་པའི་མང་ཚོགས་ལ་ཁ་ཕྱོགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཚན་སྤེལ་ཞབས་ཕྱིའང་བསྒྲུབས།
མང་ཚོགས་ཀྱིས་བསྡུས་དེབ་ལ་ལྟ་བ།

མང་ཚོགས་ལ་སྐད་གཉིས་ཚན་སྤེལ་ལག་དེབ་སྟེར་བ།
རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཚན་སྤེལ་ཟླ་བ་འདིའི་རིང་ལ། ཞིང་ཆེན་གྱིས་དྲ་ཐོག་དང་ཡུལ་དངོས་ཀྱི་ཚན་སྤེལ་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ཁྱད་ལྡན་ཚན་སྤེལ་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་ཀུན་ཕན་ཚན་སྤེལ་ཞབས་ཕྱི་སྒྲུབ་པ། ཚན་རིག་བསམ་བློ་རྒྱ་ཁྱབ་ངང་བརྒྱུད་སྤེལ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་པ་བརྒྱུད། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཚན་རྩལ་གྱི་སྟོབས་ཤུགས་བསྩལ་རྒྱུ་རེད།


དམངས་ཕན་དགེ་དཔྱད་བྱེད་བཞིན་པ།

འཕྲུལ་མི་དང་མཉམ་དུ་མིག་མངས་རྩེ་བ།