བང་སོ་འདི་འདྲ་ཞིག་རྙེད་འདུག
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཚེས18ཉིན་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཧྲང་ཀྲའོ་ཡའོ་ཆིན་ལིང་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། ཞན་དབྱང་གྲོང་ཁྱེར་ཝེ་ཁྲེང་ཆུས་སུ་གནས་པའི་བང་སོ་དེ་རྩད་ཞིབ་སྔོག་འདོན་བྱས་པ་བརྒྱུད། ཀྲན་གོའི་དུས་མཇུག་གི་ཆིན་རྒྱལ་པོ་རིམ་པའི་བང་སོ་ཞིག་ཡིན་པ་གཏན་འཁེལ་བྱས་པ་དང་། བང་སོའི་བདག་པོ་ནི་ཀྲན་གོའི་དུས་མཇུག་གི་ཆིན་རྒྱལ་ཁབ་ཀྱི་གོང་མའི་མ་ཡུམ་ཧྭ་དབྱང་ཡིན་སྲིད།

ད་ཐེངས་སྔོག་འདོན་བྱས་པའི་རིག་དངོས(ཚོགས་པ)258ཡོད་པར་རྫ་ཆས་དང་། ཟངས། ལྕགས། ཞ་ཉེ། གཡང་ཊི་སོགས་ཚུད་ཡོད་པ་རེད། རྫ་ཆས་ལ་ཁྲོ་རྐང་གསུམ་མ་དང་། སྒམ། སྣོད་ཁོག་ལྟིར། གཞོང་བ་སོགས་ཡོད་པ་དང་། ཟངས་ཆས་མང་ཆེ་བ་ནི་བང་སོ་ནས་ཐོན་པ་ཡིན་ཞིང་། དེའི་ནང་དུ་ཁྲོ་རྐང་གསུམ་མ་དང་སྣོད་ཁོག་ལྟིར་སོགས་ཚུད་ཡོད། དེའི་ནང་གི་ཟངས་རྐང་གསུམ་མ་ཞིག་ལ་“སུང་ཧྲི”ཞེས་པའི་རྒྱ་ཡིག་བརྐོས་ཡོད།

དུར་རྫས་མིའི་རུས་པའི་ཐཱན་བཅུ་བཞི་འཇལ་བ་ལས་མངོན་པ་ལྟར་ན། དེའི་ལོ་རབས་ནི་སྤྱི་ལོའི་སྔོན་གྱི་389ལོ་ནས་སྔོན་གྱི་208ལོའི་བར་ཡིན། ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ལས་མི་ཀྲའོ་ཧན་ཆིན་གིས་བང་སོའི་བཟོ་དབྱིབས་དང་། བང་སོའི་གྲུབ་ཆ། ས་འོག་ནས་ཐོན་པའི་ཡོ་བྱད་བཅས་ཀྱི་ཁྱད་ཆོས་ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་པ་ལྟར་ན། ཧྲང་ཀྲའོ་ཡའོ་ཆིན་བང་སོའི་ལོ་རབས་ནི་ཀྲན་གོའི་དུས་མཇུག་ཡིན་པ་དང་། ཆིན་རྒྱལ་རབས་ཀྱི་རྒྱལ་པོ་རིམ་པའི་བང་སོ་ཡིན་པ་རེད།

ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དང་ཀྲན་གོའི་ཆིན་རྒྱལ་རབས་ཀྱི་བང་སོ་དུར་སྦས་ལམ་ལུགས་དང་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་མི་སྣས་བང་སོའི་བདག་པོ་ནི་ཀྲན་གོའི་དུས་མཇུག་གི་ཆིན་རྒྱལ་ཁབ་ཀྱི་གོང་མའི་མ་ཡུམ་ཧྭ་དབྱང་ཡིན་པ་རིག་འདེད་བྱས་ཡོད།

