ཀྲུང་གོའི་བོད་ལྗོངས་སྤུ་ཧྲེང་དང་ནེ་པ་ལ་ཕྱོགས་ཀྱི་ས་མཚམས་དབར་ས་གཤིས་གནོད་འཚེའི་མཉམ་འབྲེལ་གྲལ་བཤེར་སོགས་པའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ།
发布时间:2026年09月22日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་ནེ་པ་ལའི་ས་མཚམས་ས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འཐུས་མི་སྤུ་ཧྲེང་རྫོང་དུ་ཐུག་འཕྲད་བྱེད་པར་གདན་དྲངས་པ་རེད། ཕྱོགས་གཉིས་པོས་ས་གཤིས་ཀྱི་གནོད་འཚེ་བཅོས་སྒྲིག་དང་། མཐའ་མཚམས་དོ་དམ་ཚོད་འཛིན་དང་སྲོལ་རྒྱུན་གྱི་ཚོང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། ནགས་ཚལ་གྱི་མེ་ཟོན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས་ཏེ་རྒྱལ་མཚམས་སྒྲོལ་བའི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་། ས་གཤིས་ཀྱི་གནོད་འཚེ་མཉམ་འབྲེལ་ཞིབ་བཤེར་དང་མཉམ་སེལ། མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་། མཐའ་མཚམས་མི་སེར་གྱི་ཚོང་དོན་འགྲོ་འོང་ལ་སྐུལ་འདེད། དམངས་ཁྲོད་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་གཏོང་བ། ནགས་ཚལ་གྱི་མེ་ཟོན་དང་ཕྱོགས་གཉིས་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་པ་རེད།
ཚོགས་འདུའི་ཐུག་འཕྲད་མཇུག་འགྲིལ་རྗེས་ནེ་པ་ལ་ཕྱོགས་ཀྱི་འཐུས་མིས་ད་དུང་སྤུ་ཧྲེང་རྫོང་ཞིང་ལས་དཔེ་སྟོན་རྟེན་གཞི་དང་། མི་དམངས་སྨན་ཁང་། ཐང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སོགས་སུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ས་མཐོའི་ཞིང་ལས་ལག་རྩལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཕན་ཚུན་སྤེལ་རེས། མཐའ་མཚམས་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་མཉམ་ལས། མཐའ་མཚམས་ཀྱི་ཉོ་ཚོང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ལག་གདང་སྦྲེལ་ནས་བརྟན་ལྷིང་འཆམ་མཐུན་དང་དར་རྒྱས་གོང་འཕེལ་གྱི་ཀྲུང་ནེའི་མཐའ་མཚམས་མཉམ་དུ་བསྐྲུན་རྒྱུ་ཡིན་པ་རེད།
