མཚོ་བྱང་ཁུལ་ལ་ཞིང་ཆེན་གྱི་སྐབས་ཉེར་གཉིས་པའི་རོང་འབྲོག་པའི་སླེ་གྲུག་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས།
མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སླེ་གྲུག་འགྲན་སྡུར་སྐབས་ཉེར་གཉིས་པ་ཟི་ལིང་གྲོང་ཁྱེར་དུ་མཇུག་བསྒྲིལ། ཐེངས་འདིའི་འགྲན་སྡུར་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་རུ་ཁག10ཡོད་པས་ཞིང་ཆེན་ཡོངས་ཀྱི་རྩལ་འགྲན་ཆུ་ཚད་མཐོ་ཤོས་དང་དོ་སྣང་ཆེ་ཤོས་ཀྱི་རོང་འབྲོག་པའི་སླེ་གྲུག་འགྲན་སྡུར་ཞིག་རེད།
མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག་གིས་འབད་འཐབ་བྱེད་ཕོད་པ་དང་མཐུན་སྒྲིལ་མཉམ་འབྲེལ་གྱིས་ཚན་ཆུང་འགྲན་སྡུར་དང་ཕམ་འདོར་འགྲན་སྡུར་སོགས་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད་མཐར་སྐུ་འབུམ་ཆུས་འཐུས་ཚབ་རུ་ཁག་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་བྱས་ནས་མཚོ་བྱང་གི་ལུས་རྩལ་པ་ཚོས་ཕར་རྒོལ་འགོག་སྲུང་ཚད་ལྡན་དང་དཔའ་ངར་ཞུམ་མེད་ངང་འགྲན་རྒོལ་བྱས་ཏེ་ཚོགས་པའི་འཐབ་རྩལ་འདོན་སྤེལ་གང་ལེགས་བྱས་ནས་མཐར་ཐོབ་སྐར82བསྡུར72ཀྱི་ཐོག་ནས་སྐུ་འབུམ་ཆུས་ཀྱི་འཐུས་ཚབ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་དང་བོ་ཐོབ་པའི་གཡུར་ཟའི་འབྲས་བཟང་བླངས།

སླེ་གྲུག་ལུས་རྩལ་ནི་མཚོ་བྱང་དུ་མང་ཚོགས་ཀྱི་རྨང་གཞི་ཟབ་མོ་ཡོད་པ་དང་། ཉེ་ལམ་མཇུག་བསྒྲིལ་བའི་ཞིང་ཆེན་གྱི་སྐབས་བཅུ་དགུ་པའི་ལུས་རྩལ་འགྲན་ཚོགས་ཐོག མཚོ་བྱང་ཁུལ་གྱི་སླེ་གྲུག་རུ་ཁག་གིས་དར་མའི་ཚན་ཁག་གི་མི་ལྔ་ཅན་གྱི་སླེ་གྲུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་བླངས་པ་དང་། ན་གཞོན་ཚན་ཁག་གི་མི་གསུམ་ཅན་གྱི་སླེ་གྲུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས། ཐེངས་འདིའི་རོང་འབྲོག་མང་ཚོགས་ཀྱི་སླེ་གྲུག་འགྲན་སྡུར་ནང་ཞུགས་པའི་མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག་གི་རུ་མི་ནི་རྫོང་སོ་སོའི་རོང་འབྲོག་པའི་སླེ་གྲུག་ལ་དགའ་མཁན་ལས་གྲུབ་པ་ཡིན་ཞིང་། ཆེད་ལས་སྦྱོང་བརྡར་གྱི་རྒྱབ་ལྗོངས་མེད་པར་དགའ་ཞེན་ཁོ་ནར་བརྟེན་ནས་ཞིང་ཆེན་རིམ་པའི་གར་སྟེགས་སུ་བུད་ཡོད། ཁོ་ཚོས་འགྲན་ཡ་ལ་མི་སྐྲག་པར་འབད་བརྩོན་ལྷོད་མེད་བྱས་ཏེ་མཚོ་བྱང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཡར་བརྩོན་ཆེན་པོ་དང་སྙིང་སྟོབས་ཞུམ་མེད་ཀྱི་རྣམ་པ་བཟང་པོ་གང་ལེགས་ཀྱིས་མངོན་ཡོད།
ཐེངས་འདིའི་རོང་འབྲོག་པའི་སླེ་གྲུག་འགྲན་སྡུར་ནང་མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག་ལ་སྐབས་རིམ་བྱུང་གི་འགྲན་སྡུར་ནང་ཞུགས་པའི་ཚུན་ལ་ཐོབ་པའི་གྲུབ་འབྲས་བཟང་བོ་དེ་ཡིན། དེ་ནི་མཚོ་བྱང་ཁུལ་གྱི་དམངས་ཡོངས་ལུས་སྦྱོང་བྱ་བ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་ཞིབ་བཤེར་ནུས་ལྡན་ཞིག་ཡིན་ལ་གཞི་རིམ་མང་ཚོགས་ཀྱི་ལུས་རྩལ་དབྱར་མཚོ་བཞིན་རྒྱས་པའི་མཚོན་རྟགས་ཤིག་ཀྱང་རེད།