མོས་ལྷམ་གྱོན་ནོར་ཤོར་བས་གསེར་གྱི་རྟགས་མ་མེད་པར་བཟོས་འདུག
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཨའེ་ཀྲེ་·མིང་ཀུའུ་ཝུའུ་ཡི་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཏན་འཁེལ་བྱས་དོན། མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྐྱེས་མའི་མར་སུན་འདུར་རྒྱུག་འགྲན་སྡུར་ཁྲོད་ཐོག་མར་རྒྱུག་ཐིག་ཏུ་སླེབས་མཁན་ཧ་སག་སི་ཐན་གྱི་འགྲན་ཞུགས་པ་ཐུའོ་ཁེ་སང་པཱ་ཡེ་ཝས་འགྲན་བསྡུར་ནང་སྤྱད་པའི་ལྷམ་ལུས་རྩལ་སྒྲིག་ལམ་དང་མཐུན་མེད་པས་རྒྱུག་འགྲན་གྱི་མཇུག་འབྲས་མེད་པར་བཟོས་འདུག ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་བསྟན་འཛིན་ཆོས་འཛོམས་དང་མྰ་ལིས་ལ་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ་ཐོབ་པ་རེད།
ལུས་རྩལ་པའི་ལྷམ་ངེས་པར་དུ་ཆོག་འཐུས་ཀྱི་མིང་ཐོའི་ནང་ཡོད་དགོས་པ།
འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་《མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་དང་ལག་རྩལ་སྒྲིག་སྲོལ་》ནང་གི་ལག་རྩལ་སྒྲིག་སྲོལ་གྲས་ཀྱི་དོན་ཚན་ལྔ་པའི་ནང་ལུས་རྩལ་པས་འགྲན་བསྡུར་ཁྲོད་རྐང་རྗེན་དང་ལྷམ་གྱོན་པ། ཐ་ན་ལྷམ་གཅིག་ལས་གྱོན་མི་ཆོག་མོད། འོན་ཀྱང་ལྷམ་གྱོན་ན་འགྲན་བསྡུར་ལ་སྤྱོད་པའི་ལྷམ་ངེས་པར་དུ་འབྲེལ་ཡོད་ཀྱི་གཏན་འབེབས་དང་ཡོངས་སུ་མཐུན་དགོས་པའི་གཏན་འབེབས་གསལ་པོར་བྱས་ཡོད།

《མཆོང་རྒྱུག་འཕེན་གསུམ་སྐབས་ལྷམ་གྱི་གཏན་འབེབས་》ནང་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་འགྲན་བསྡུར་ལ་སྤྱོད་པའི་ལྷམ་མཐིལ་གྱི་མཐུག་ཚད་དང་། ལྷམ་གཟེར་གྱི་ཚད་གཞི། རྒྱུ་ཆ་སོགས་ཀྱི་ཁྱད་ཆོས་ལ་བླང་བྱ་གསལ་པོ་བཏོན་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་ལུས་རྩལ་པས་འགྲན་བསྡུར་ལ་སྤྱོད་པའི་ལྷམ་ལ་བརྟེན་ནས་ནུས་པ་འཕར་མ་ཐོན་རིགས་འགོག་པའི་ཆེད་དུ་ཡིན་པ་རེད།
ཟླ་9པའི་ཚེས་27ཉིན་ཀྲུང་གོའི་འགྲན་ཞུགས་པ་མྰ་ལི་(གཡས་)དང་བསྟན་འཛིན་ཆོས་འཛོམས་(གཡོན་)གཉིས་པོས་བུད་མེད་ཀྱི་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་བྱེད་བཞིན་པའི་པར་རིས། པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའོ་ཡོན།
ཉིན་དེའི་འགྲན་བསྡུར་ནང་ཐུའོ་ཁེ་སང་པཱ་ཡེ་ཝས་ཆུ་ཚོད་3དང་སྐར་མ་22དང་སྐར་ཆ་20ཡི་གྲུབ་འབྲས་ཐོག་ནས་རྒྱུག་འགྲན་མཚམས་ཐིག་ཏུ་སྔོན་ལ་སླེབས་པ་རེད།བསྟན་འཛིན་ཆོས་འཇོམས་དང་མྰ་ལིའི་གྲུབ་འབྲས་ནི་ཆུ་ཚོད་3དང་སྐར་མ་26དང་སྐར་ཆ་09དང་།ཆུ་ཚོད་3དང་སྐར་མ་32དང་སྐར་ཆ་26ཡིན་པ་རེད།ཐུའོ་ཁེ་སང་པཱ་ཡེ་ཝའི་རྒྱུག་འགྲན་གྱི་གྲུབ་འབྲས་མེད་པར་བཟོས་རྗེས་འཇར་པན་གྱི་འགྲན་ཞུགས་པ་མེ་ཡེ་ཤིང་ཙེ་ལ་ཟངས་ཀྱི་རྟགས་མ་ཐོབ་པ་རེད།
