“གུས་སྒྱོགས —1”རྟགས་ཅན་གྱི་མཁའ་ཚིགས། འགྲོ་བ་མིའི་མཁའ་ཚིགས་དང་པོ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

“གུས་སྒྱོགས —1” རྟགས་ཅན་གྱི་མཁའ་ཚིགས(གཡས)དང “མནའ་འབྲེལ —10” རྟགས་ཅན་གྱི་འཕུར་གྲུ(གཡོན)གཉིས་ཀས་སྣེ་མཐུད་བྱེད་པའི་ཚུལ།
མི་ཐེག་དབྱིངས་སྐྱོད་ཀྱི་ལས་དོན་དར་སྤེལ་གཏོང་བའི་མཐའ་མཇུག་གི་དམིགས་ཡུལ་ནི་ཕྱོགས་ཡོངས་དང་གཏིང་ཟབ་མོའི་སྒོ་ནས་མཁའ་དབྱིངས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུ་དེ་ཡིན། དེའི་ཕྱིར་ངེས་པར་ཕྱོགས་གཅིག་ནས་མཁའ་དབྱིངས་སུ་བགྲོད་པའི་འགྲོ་སྒོ་ཉུང་ཞིང་ཕན་ནུས་མཐོ་བའི་རྒྱུན་གཏན་གྱི་སྐྱེལ་འདྲེན་བྱེད་ཐབས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཡུན་གཏན་རང་བཞིན་གྱི་དབྱིངས་སྐྱོད་རྟེན་གཞི་གསར་འཛུགས་བྱེད་དགོས་པ་རེད། དེ་ཡང“མཁའ་ཚིགས” ནི་ཡུན་གཏན་རང་བཞིན་གྱི་དབྱིངས་སྐྱོད་རྟེན་གཞི་དེ་རིགས་སུ་འཕེལ་རྒྱས་གཏོང་བའི་བར་བརྒལ་གྱི་རྣམ་པ་ཞིག་ལགས། 1971ལོའི་ཟླ4པའི་ཚེས19ཉིན་འགྲོ་བ་མིའི་མཁའ་ཚིགས་ཨང་དང་པོ་སྟེ “གུས་སྒྱོགས —1”རྟགས་ཅན་དེ“གཤིས་རྡུལ”རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་སའི་གོ་ལའི་འཁོར་ལམ་ནང་དུ་བསྐྱལ་བས། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པ་དེ་དུས་རིམ་གསར་པ་ཞིག་ཏུ་དེད་པ་རེད།
སུའུ་ལེན་གྱིས་ཨ་རི་དང་འགྲན་རྩོད་བྱས་ནས་ཟླ་བའི་གོ་ལའི་སྟེང་དུ་འཛེག་པར་ཕམ་ཉེས་བྱུང་རྗེས། སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ནས་མཁའ་ཚིགས་གོང་དུ་སྤེལ་བའི་འཆར་གཞི་གཏན་ལ་ཕབ། 1969ལོར་སླེབས་ཚེ། སུའུ་ལེན་གྱིས་བལྟས་ན་མཁའ་ཚིགས་གསར་འཛུགས་ཀྱི་གཞི་རྩའི་ལག་རྩལ——དབྱིངས་སྐྱོད་ཆས་གཅིག་ཏུ་འདུ་བ་དང་སྣེ་མཐུད་ཀྱི་གནད་དོན་ཐག་བཅད་ཟིན་སྙམ་ནས། 1970ལོ་ནས་བཟུང“གུས་སྒྱོགས” རྟགས་ཅན་གྱི་མཁའ་ཚིགས་གསར་འཛུགས་ཀྱི་ལས་ཀའི་མགོ་བརྩམས། དེ་དང་དུས་མཚུངས་སུ་ཁོ་ཚོས“མནའ་འབྲེལ”རྟགས་ཅན་གྱི་འཕུར་གྲུ་ལ་བཅོས་སྒྲིག་བྱས་ནས། འཕུར་གྲུ་དེ་མཁའ་ཚིགས་ཀྱི་ཞོར་འདེགས་སྐྱེལ་འདྲེན་ཡོ་བྱད་དུ་འགྱུར་བར་བྱས།
1971ལོའི་ཟླ4པའི་ཚེས19ཉིན། བོངས་རབ་ཏུ་ཆེ་བའི“གཤིས་རྡུལ”(质子)རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་འགྲོ་བ་མིའི་མཁའ་ཚིགས་ཨང་དང་པོ“གུས་སྒྱོགས—1”རྟགས་ཅན་དེ་མི་མེད་པར་མཁའ་དབྱིངས་སུ་འཕངས། ཟླ4པའི་ཚེས23ཉིན། སུའུ་ལེན་གྱི་མཁའ་སྐྱོད་པ3“མནའ་འབྲེལ—10”རྟགས་ཅན་གྱི་འཕུར་གྲུ་ལ་བསྡད་དེ“གུས་སྒྱོགས—1”རྟགས་ཅན་དང་སྣེ་མཐུད་བྱས་པ་ལམ་ལྷོང་བྱུང་མོད། འོན་ཀྱང་འཕྲུལ་ཆས་ཆག་སྐྱོན་བྱུང་བའི་རྐྱེན་གྱིས་དེ་མཁའ་ཚིགས་སྟེང་དུ་འགྲོ་མ་ཐུབ།
ཟླ6པའི་ཚེས6ཉིན། སུའུ་ལེན་གྱི་མཁའ་སྐྱོད་པ་གཞན་པ་པོ་ལུའོ་ཝོ་ལི་སི་ཅི་དང་ཝོར་ཁོ་ཧྥུ། པ་ཀྲ་དབྱི་ཧྥུ་བཅས་མི3“མནའ་འབྲེལ—11”རྟགས་ཅན་གྱི་འཕུར་གྲུ་ལ་བསྡད་དེ། ཇུས་འགོད་ལེགས་བཅོས་བྱས་ཡོད་པའི་སྣེ་མཐུད་སྒྲིག་ཆས་དེ“རྟེན་འབྲེལ་མེ་སྒྱོགས—1” རྟགས་ཅན་དང་སྣེ་མཐུད་བྱས་ཐོག ལམ་ལྷོང་བྱུང་བའི་ངང་མཁའ་ཚིགས་ཀྱི་ནང་དུ་སོང་ནས། གསར་གཏོད་ཀྱི་རང་བཞིན་དང་ལྡན་པའི་ཚོད་ལྟ་རབ་དང་རིམ་པ་བགྱིས། དཔེར་ན་དུས་ཡུན་རིང་པོར་ལྗིད་ཚད་ཤོར་བའི་གནས་ཚུལ་འོག་ཏུ་རྩི་ཤིང་སྐྱེ་ཚུལ་གྱི་ཞིབ་འཇུག་ལ་སོགས་པ་རེད། ཟླ6པའི་ཚེས30ཉིན། སའི་གོ་ལའི་སྟེང་དུ་ཕྱིར་ལོག་པའི་ལམ་ནས་དམ་སྦྱར་གྲུ་ཤག་ལ་ཆག་སྐྱོན་བྱུང་རྐྱེན། མཁའ་སྐྱོད་པ་ཁོང་རྣམ་པ་གསུམ་པོ་རྐྱེན་ལམ་དུ་འདས།
དེ་ཡང1971ལོའི་ཟླ4པ་ནས1972ལོའི་བར་དུ། སུའུ་ལེན་གྱིས་བསྡོམས་པས“གུས་སྒྱོགས”རྟགས་ཅན་གྱི་མཁའ་ཚིགས7འཕངས། 1986ལོའི་ཟླ2པའི་ནང་དུ། སུའུ་ལེན་གྱིས་ཡང“གཤིས་རྡུལ”རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ལམ་དུ་ལྷོང་བའི་ངང་རབས་གསར་པའི“ཞི་བདེ”རྟགས་ཅན་གྱི་དབྱིངས་སྐྱོད་ས་ཚིགས་འཕངས་པས། མི་ཐེག་དབྱིངས་སྐྱོད་བྱེད་པ་དེ་ཚོད་ལྟའི་རང་བཞིན་གྱི་ཞིབ་འཇུག་ནས་ཐོན་སྐྱེད་དང་བཀོལ་སྤྱོད་ཀྱི་དུས་རིམ་གསར་པའི་མགོ་ཚུགས།
དེ་ཡང་ཨ་རིས1973ལོའི་ཟླ6པའི་ཚེས14ཉིན།“མཁའ་དབྱིངས་དངོས་བརྟག་ཁང”འཕངས། དེ་ནི་ཨ་ཕོ་ལུའོ་མི་ཐེག་ཟླ་བའི་སྟེང་དུ་འཛེག་པའི་འཕུར་སྐྱོད་ཀྱི་དངོས་རྫས་ལྷག་མ——“གཟའ་སྤེན་པ”ཨང་རྟགས5པའི་མེ་ཤུགས་འཕུར་མདའ་ལ་རིམ་པ་གསུམ་པའི་བསྒྱུར་བཀོད་བྱས་ཏེ་གྲུབ་པ་ཡིན་ལ། དོན་དམ་པས་དེ་ནི་དུས་ཡུན་རིང་པོར་བཀོལ་སྤྱོད་བྱས་པའི་མཁའ་ཚིགས་ཨང་དང་པོ་ཡིན། 1983ལོར། ཨ་རིའི་དབྱིངས་སྐྱོད་གནམ་གྲུས་ཡང་གླིང་ཆེན་ཡོ་རོབ་ཀྱི་མཁའ་དབྱིངས་ཅུས་ཀྱི“མཁའ་དབྱིངས་དངོས་བརྟག་ཁང”དེ་འཁོར་ལམ་ནང་དུ་བསྐྱལ།
རང་རྒྱལ་གྱིས་ཀྱང1958ལོ་ནས་བཟུང་རང་རྐྱ་འཕེར་བའི་སྒོ་ནས་དབྱིངས་སྐྱོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིབ་འཇུག་བཟོ་སྐྲུན་བྱེད་མགོ་བརྩམས་ཤིང་། 1965ལོར་འཁོར་སྐར་བཅོས་མའི་ལས་གཞི་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་དང་ལྷན་ཅིག་ཏུ། “ཤར་ཕྱོགས་དམར”ཨང་རྟགས1པའི་མིས་བཟོས་སའི་གོ་ལའི་འཁོར་སྐར་དང “རྒྱང་སྐྱོད” ཨང་རྟགས1པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྐྱ་འཕེར་བའི་སྒོ་ནས་ཞིབ་འཇུག་བཟོ་སྐྲུན་བྱེད་མགོ་བརྩམས།
ཀྲུང་གོའི་མི་ཐེག་དབྱིངས་སྐྱོད་བྱ་གཞག་གོང་སྤེལ་གཏོང་བ་དེ་གོམ་རིམ་གསུམ་དུ་བགོས་ཡོད་པ་སྟེ། གོམ་རིམ་དང་པོ་ནི་མི་ཐེག་གནམ་སའི་བར་ཕར་འགྲོ་ཕྱིར་འོང་བྱེད་པའི་ལག་རྩལ་གྱི་དཀའ་གནད་སྒྲོལ་བ་དང་ནང་བྱན་ཆུད་པར་བྱེད་པ་དེ་ཡིན་ལ། གོམ་རིམ་དེ“ལྷ་གྲུ”ཨང་རྟགས5པ་དང6པ་བརྒྱུད་དེ་ཡོངས་འགྲུབ་བྱས་ཟིན། གོམ་རིམ་གཉིས་པ་ནི་མཁའ་དབྱིངས་སུ་གྲུ་ཤག་ནས་ཕྱིར་འབུད་འགུལ་སྐྱོད་དང་སྣོལ་འཕྲད་སྣེ་མཐུད་ཀྱི་ལག་རྩལ་གྱི་དཀའ་གནད་སྒྲོལ་བ་དང་། དངོས་ཟོག་སྐྱེལ་འདྲེན་གྱི་འཕུར་གྲུ་དང་མཁའ་དབྱིངས་དངོས་བརྟག་ཁང་ཞིབ་འཇུག་བཟོ་སྐྲུན་དང་འཕེན་གཏོང་བྱེད་རྒྱུ་དེ་ཡིན། 2008ལོར“ལྷ་གྲུ”ཨང་རྟགས7པས་མཁའ་དབྱིངས་སུ་གྲུ་ཤག་ནང་ནས་ཕྱིར་འབུད་པའི་བྱ་སྤྱོད་དཔའ་ཉམས་དང་ལྡན་པ་དེ་ཡོངས་འགྲུབ་བྱས། 2011ལོར“ལྷ་གྲུ”ཨང་རྟགས8པ་དང“ལྷའི་ཕོ་བྲང་ཨང་རྟགས་དང་པོ”གཉིས་ཀས་མི་མེད་རང་འགུལ་སྣོལ་འཕྲད་སྣེ་མཐུད་བྱས་པ་དང་། 2012ལོར“ལྷ་གྲུ”ཨང་རྟགས9པ་དང“ལྷའི་ཕོ་བྲང་ཨང་རྟགས་དང་པོས”མི་ཐེག་ལག་འགུལ་སྣོལ་འཕྲད་སྣེ་མཐུད་མངོན་འགྱུར་བྱས། མཇུག་མཐའི་གོམ་རིམ་ནི་ཡུན་རིང་དུ་མི་སྡོད་པའི་མཁའ་ཚིགས་གསར་འཛུགས་བྱེད་རྒྱུ་དེ་ཡིན།
མིག་སྔའི་བར་འཛམ་གླིང་ཡོངས་སུ་མཁའ་ཚིགས10འཕངས་ཟིན། དེའི་ནང་དུ་སུའུ་ལེན་གྱི8དང་། ཨ་རིའི1། གཞན་པ1ཡོད་པ་དེ་ནི“རྒྱལ་སྤྱིའི་མཁའ་ཚིགས”ཡིན་ཞིང་། དེ་ནི1998ལོར་གླིང་ཆེན་ཡོ་རོབ་ཀྱི་དབྱིངས་སྐྱོད་ཅུས་ཀྱི་ཁོངས་གཏོགས་རྒྱལ་ཁབ11དང་དེ་མིན་ཨ་རི་དང་ཨུ་རུ་སུ། ལྗར་པན། ཁ་ན་ཏ། བྷ་རེ་ཟེ(巴西)སོགས་རྒྱལ་ཁབ16གིས་མཉམ་འབྲེལ་སྒོས་འཛུགས་སྐྲུན་བྱས་པ་ཡིན། དེ་ནི་དུས་ད་ལྟ་གཡོ་སྐར་གྱི་འཁོར་ལམ་དུ་འཁོར་སྐྱོད་བྱེད་བཞིན་པའི་མཁའ་དབྱིངས་ས་ཚིགས་གཅིག་པུ་ཡིན་ལ། དུས་རབས་བརྒལ་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་དབྱིངས་སྐྱོད་ལས་གཞི་གཅིག་ཀྱང་ཡིན་པས། དེས་འགྲོ་བ་མི་ཟླ་བ་དང་གཡོ་སྐར་གཟའ་མིག་དམར་གྱི་སྟེང་དུ་འཛེག་པར་རྨང་རྡོ་དང་འདྲ་བའི་ནུས་པ་བསྐྱེད་དང་སྐྱེད་ཀྱིན་ཡོད། །