མཚོ་སྔོན་གྱིས་ནོར་གནག་གསོ་ཚགས་ཀྱི་ལས་རྣམ་གསར་པ་བཏོད།
发布时间:2023年10月06日 消息来源:

ནོར་གནག་ནི་མཚོ་བོད་མཐོ་སྒང་གི་ཕྱུགས་རིགས་གཙོ་བོ་ཞིག་ཡིན་པས“མཐོ་སྒང་གི་གྲུ་གཟིངས”ཞེས་བརྗོད་ཀྱི་ཡོད། རང་རྒྱལ་གྱི་ནོར་གན་ཐོན་ཁུལ་གཙོ་བོ་ཡིན་པའི་མཚོ་སྔོན་དུ་མིག་སྔར་ནོར་གན་མགོ་གྲངས་ཁྲི600ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི38%ཟིན་པ་དང་ནོར་གནག་གསོ་ཚགས་ནི་འབྲོག་པའི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཞིག་རེད། འོན་ཀྱང་སྲོལ་རྒྱུན་གྱི་གསོ་ཚགས་རྣམ་པའི་ཁྲོད་ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་རྒྱུད་པ་གསོ་ཚགས་བྱ་རྒྱུ་མི་འདང་བས་མཚོ་སྔོན་གྱི་འབྲོག་ཁྱིམ་དུ་གསོ་ཚགས་བྱས་པའི་ནོར་གནག་གི་རྒྱུད་པ་ཞན་དུ་འགྲོ་བཞིན་ཡོད་པ་རེད། དེའང་ད་སྔ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་གུར་དཀར་སྡེ་བའི་འབྲོག་པས་སེམས་ཁྲལ་ཆེ་ཤོས་བྱེད་ས་ཤིག་རེད།

“དེ་སྔ་རྒྱུད་བཟང་ནང་འདྲེན་བྱེད་པའི་བསམ་བློ་མེད་པས་འབྲོག་པ་རང་ཉིད་ཀྱིས་གསོ་ཚགས་བྱས་པའི་ནོར་གན་གི་གཟུགས་སྟོབས་ཆུང་བ་དང་ཉེ་རྒྱུད་རྒྱུད་སྤེལ་བྱས་པའི་ནོར་གནག་གི་ནད་འགོག་ནུས་པ་ཞན་པ་མ་ཟད། འོ་མའང་ཉུང་ཉུང་ཡིན་པ་རེད། ལོ་གསུམ་ལ་སླེབས་པའི་ནོར་གན་གཅིག་ལ་མང་ཤོས་སྒོར5000ལས་སྟེར་བཞིན་མེད”ཅེས་གུར་དཀར་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་དེ་ལྟར་བཤད།

  2018ལོར་གུར་དཀར་སྡེ་བའི་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་སྡེ་བ་ཡོངས་ཀྱི་འབྲོག་དུད92ཚང་མ་མ་རྐང་ནང་ཞུགས་ཤིང་། མཉམ་ལས་ཁང་གིས་རྟ་ཐང་དང་མདོ་ལ། ཡུལ་ཤུལ་སོགས་ནས་ཕ་ཕྱུགས་ནང་འདྲེན་བྱས་ཏེ་རྒྱུད་བཟང་བེའུ་གསོ་སྤེལ་བྱས་པ་དང་མིག་སྔར་རྒྱུད་བཟང་ནོར་གནག་མགོ་གྲངས1400ལྷག་ཙམ་གསོ་ཚགས་བྱས་ཡོད། དེའི་ཁྲོད་ཀྱི་རིགས་གཙོ་བོ“རྟ་ཐང་ནོར་གན”མཚོ་སྔོན་ཞིང་ཆེན་ནོར་གནག་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་གསོ་ཚགས་བྱས་པ་དང་འབྲོང་གི་གཞི་རྒྱུ་ཆ་ཕྱེད་ཀ་ཙམ་ལྡན་པས་རྒོད་པོའི་རང་བཞིན་ཆེ་བ་དང་སྐྱེ་འཚར་མགྱོགས་པ། འཕྲོད་ཤུགས་ཆེ་བ། ལྡོག་འགོག་རང་བཞིན་ཆེ་བ། སྐྱེ་འཕེལ་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་མཐོ་གྲང་སྐྱེ་ཁམས་ཁོར་ཡུག་ལ་འཚམ་པ་དང་རྒྱུད་སྤེལ་བརྟན་པོ་ཐུབ་ཀྱི་ཡོད་པ་རེད།

“ན་ནིང་མཉམ་ལས་ཁང་ལ་ཁེ་གཙང་སྒོར་ཁྲི140ལྷག་ཙམ་ཟིན་པ་དང་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར3400ལྷག་ཙམ་ཐོབ་ཡོད། སྡེ་བའི་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་སྡེ་མིའི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཚང་མ་སྡེ་བའི་མཉམ་སྡེབ་ཀྱིས་ཐེངས་གཅིག་ལ་འཇལ་བ་དེས་སྡེ་མིའི་མ་འོངས་པའི་སེམས་ཁྲལ་བསལ་ཡོད”ཅེས་སྤེན་པས་དེ་ལྟར་ངོ་སྤྲོད་བྱས།

རྒྱུད་བཟང་གསོ་སྤེལ་བྱས་པ་ལས་ནོར་གན་སྐྱེ་འཚར་ལེགས་པོ་བྱུང་བ་དང་། བློ་གྲོས་ལ་བརྟེན་ནས་ནོར་གནག་གསོ་ཚགས་བྱས་པ་དེས་དུས་ཡུན་རིང་པོའི་ནང་རགས་ལས་རྣམ་པའི་ནོར་གན་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ནས་ནོར་གན་གསོ་ཚགས་ཡག་པོ་ཐུབ་ཡོད།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཡུལ་ཚོ་རྒྱམ་ཆེན་སྡེ་བར་འབྲོག་པ་སྔ་ལངས་འཕྱི་ཉལ་གྱིས་ཕྱུགས་འཚོ་བར་འགྲོ་དགོས་ཀྱི་མེད། ནོར་གནག་མཉམ་ལས་ཁང་ནང་ཟླ་སྒྲིལ་བཏང་རྗེས་ལག་ཁྱེར་ཁ་པར་བརྒྱུད་དེ་ནོར་གནག་གང་དུ་ཡོད་མེད་འཚོལ་ཐུབ་ཀྱི་ཡོད། དེ་ནི་འབྲི་སྟོད་རྫོང་གི་ས་མཐོའི་ཕྱུགས་རྒྱུད་ཁུངས་འདེད་མ་ལག(དྲ་ཐོག་འབྲོག་ར)ལས་བྱུང་བའི་འགྱུར་ལྡོག་ཅིག་རེད།

འབྲི་སྟོད་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་རྒྱ་མཚོས། དྲ་ཐོག་འབྲོག་ར་ད་ལོའི་ཟླ་ལྔ་པར་དངོས་སུ་སྤྱོད་མགོ་ཚུགས་པ་དང་། དེའི་ནང་གསོ་ཚགས་ལྟ་ཞིབ་ཚད་ལེན་དང་བཤས་གཏོང་ལས་སྣོན་ཁུངས་འདེད་སོགས་མ་ལག་ཆེ་གྲས་དགུ་ཚུད་ཡོད་པ་དང་། ཡུལ་ཤུལ་ཁུལ་གྱིས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པའི་གྲངས་འཛིན་གསོ་ཚགས་མ་ལག་དང་པོ་དེ་ཡིན་པ་དང་མིག་སྔར་འབྲོག་རར་ནོར་གན500གསོ་ཚགས་བྱས་ཡོད་ཅེས་ངོ་སྤྲོད་བྱས།

“སྔོན་ཆད་ནོར་གནག་བོར་ཚེ་ཧ་ཅང་འཚོལ་ཁག་པོ་ཡོད། ད་ལྟ་ལག་ཁྱེར་ཁ་པར་བརྒྱུད་དེ་ནོར་གན་གང་དུ་ཡོད་མེད་ལྟ་ཐུབ་ཀྱི་འདུག རྩྭ་རའི་ཕྱོགས་བཞིར་ད་དུང་གློག་རྡུལ་ར་བ་བསྐོར་ཡོད་པས་ནོར་གནག་དྲ་བ་ནས་ཤོར་ཚེ་ལག་ཁྱེར་ཁ་པར་དུ་བརྡ་གཏོང་གི་རེད། མ་འོངས་པར་ད་དུང་ནོར་གནག་གི་གོམ་གྲངས་སོགས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་ནས་ནོར་གནག་གི་གཟུགས་པོའི་བདེ་ཐང་གནས་ཚུལ་ཤེས་རྟོགས་བྱེད་ཐུབ”ཅེས་བཀྲ་ཤིས་རྒྱ་མཚོས་དེ་ལྟར་བཤད།

“ད་ལོ་ནས་བཟུང་ང་ཚོས་པེ་ཅིང་ལ་སྐམས་ཤ་སོས་པ་ཁག་བཞི་མཁོ་འདོན་བྱས་པ་ཡིན། དེ་སྔ་སྟོན་ཁར་གཅིག་སྡུད་བཤས་གཏོང་བའི་སྲོལ་རྒྱུན་གསོ་ཚགས་བྱེད་སྟངས་དོར་ནས་རྒྱུན་གཏན་ནས་བཤས་གཏོང་བའི་རྣམ་པ་རིམ་བཞིན་མངོན་འགྱུར་བྱུང་སྟེ། ནོར་གནག་གི་རིན་གོང་ཡང་ས་ཆ་དེ་རང་དུ་བཙོངས་པའི་རིན་གོང་ལས་མཐོ་བ་ཡོད་པས་འབྲོག་པས་ནོར་གནག་བཤས་གཏོང་བྱེད་འདོད་ཡོད”ཅེས་ཡུལ་ཤུལ་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འབྲུག་ཐར་ཚེ་རིང་གིས་དེ་ལྟར་བཤད། 

མིག་སྔར་ཡུལ་ཤུལ་གྱིས་ད་དུང་དེ་བས་ཕུན་སུམ་ཚོགས་པའི་ནོར་གནག་ཐོན་རྫས་མུ་མཐུད་བཏོད་དེ་ནོར་གནག་གསོ་ཚགས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ཐོན་ལས་ཅན་བཅས་སུ་འགྱུར་བར་བྱེད་བཞིན་ཡོད་པ་རེད།


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

来源:海北祁连藏文报

རྩོམ་སྒྲིག་འགན་ཁུར་བ། གནམ་ཐར་སྐྱིད།

责编:南太吉

ལྟ་སྐུལ་བ། ཚེ་བྱམས་རྒྱལ།

监制:才新木加

སྤྱིའི་ལྟ་སྐུལ་བ། ཉིས་ལིན་ཆིས།

总监制:聂连其