རྐང་ཚ་རྫོང་གི་གནས་ཚུལ།
རྐང་ཚ་རྫོང་གི་གནས་ཚུལ།
རྐང་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་། རྒྱལ་ཡོངས་ཀྱི་མཚེའུ་མཛེས་ཤོས་ལྔ་ལས་དང་པོར་བགྲང་བའི“མཚོ་སྔོན་པོ”ཡི་བྱང་འགྲམ་དུ་ཆགས། རྫོང་ཁོངས་སུ་ཡུལ་ཚོ3དང་གྲོང་རྡལ2 སྲིད་འཛིན་སྡེ་བ31ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8138དང་མི་གྲངས་ཁྲི4.6ཡོད། དེའི་ཁྲོད་བོད་རྒྱ་སོག་ཧུའེ་སོགས་མི་རིགས15འདུ་ལ། བོད་རིགས་ཀྱིས76%ཟིན། དེ་བས་རྐང་ཚ་རྫོང་ནི་བོད་རིགས་གཙོའི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ས་ཁུལ་ཞིག་ཡིན། རྫོང་ཁོངས་ཀྱི་ཆ་སྙོམས་མཚོ་ངོས་མཐོ་ཚད་སྨི3300ཡིན་པས། ཁུལ་ཡོངས་ཀྱི་རིགས་ལྔའི་ས་ཆར་གཏོགས་པའི་རྫོང་ཁག་གཅིག་པུ་དེའང་ཡིན། རྫོང་མཁར་ནས་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་བར་དུ་སྤྱི་ལེ188དང་། ཁུལ་ཐོག་གི་ནུབ་མཚོ་གྲོང་རྡལ་བར་དུ་སྤྱི་ལེ88ཡོད། མཚོ་སྔོན་པོའི་བྱང་འགྲམ་བར་དུ་སྤྱི་ལེ15ཡོད། མཚོ་བོད་ལྕགས་ལམ་དང315རྒྱལ་ལམ་རྫོང་འདི་བརྒྱུད་ནས་འཐེན་ཡོད་ལ་ཡུལ་ཚོ་དང་སྡེ་བའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་ཡོད་པས། མཚོ་སྐོར་ལུས་རྩལ་སྐོར་ལམ་དང་ཡུལ་སྐོར་སྐོར་ལམ། རིག་གནས་སྐོར་ལམ། སྐྱེ་ཁམས་སྐོར་ལམ་བཅས་ཀྱི་འདུ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྐང་ཚ་རྫོང་གི་བྱང་ཕྱོགས་མདོ་ལ་རི་བོར་བརྟེན་ཞིང་། ལྷོ་ཕྱོགས་མཚོ་སྔོན་པོར་གཏད་ཡོད་པས། མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་རྫོང་ཁོངས་ཧྲིལ་པོ་ཡུལ་སྐོར་དཔེ་སྟོན་ཁུལ་ཡིན་པའི་ས་ཆ་གཉིས་ཀྱི་ཡ་གྱལ་དུ་གྱུར་ཡོད། རྫོང་ཁོངས་སུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིག་གནས་ཁྱད་ཆོས་མངོན་པར་གསལ། “ཉ་དང་འདབ་ཆགས་དགོ་བ། རི་དང་མཚེའུ་ཆུ་མིག གླུ་དང་སྙན་ངག་བརྩེ་བ། རྩྭ་དང་ལྗང་མདོག་མགོ་ཁུངས”སྲོག་ཤིང་བྱས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས། བསྟུད་མར“ཉ་དང་བྱ་ཡི་ཞིང་ཁམས། བོད་མཁར་རྐང་ཚ”ཞེས་པའི་གནས་སྐོར་གྱི་སྣང་བརྙན་བསྐྲུན་ཅིང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་བྱ་བ་ཧུར་ཐག་གིས་སྐུལ་སྤེལ་བྱས། མཚོ་སྔོན་པོ་ཁེ་རམ་ཐང་། འོམ་ཆུ་གསེར་ཉའི་ཁྱིམ་གཞིས། མཚོ་འཁྱིལ་ཏཱ་ལའི་ཆུ་མིག་སྐྱེ་ཁམས་མྱོང་རོལ་ཁུལ། མཚོ་འཁྱིལ་གསེར་ཉ་ཆུ་མགོར་ལོག་སའི་ལྗོངས་ལྟ་ཁུལ། གཡུ་དཀར་འོམ་ལུང་དམངས་སྲོལ་རིག་གནས་མྱོང་རོལ་ཁུལ། དཔལ་དགེ་དགོ་དམར་ཚན་རིག་སློབ་གསོ་རྟེན་གཞི། གཉན་ཆེན་ཞལ་དཀར་སོགས་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱིས་མི་རྣམས་ལ་ཡུལ་སྐོར་མཛེས་ཉམས་ཡིད་དུ་འོང་བ་ཞིག་མིག་གི་དཔལ་དུ་བཀྲམ་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད།
རྐང་ཚ་རྫོང་གིས“མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུའི་དུས་སྟོན”དང“མཚོ་སྔོན་པོར་མཚོ་གཏེར་འབུལ་བའི་དགྱེས་སྟོན།”“ཞལ་དཀར་བུམ་པ་རྟགས་མའི་མཐོ་སྒང་རྟ་རྒྱུག་འགྲན་ཚོགས”“མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤ་དུས་ཆེན”སོགས་ཀྱི་བྱ་འགུལ་སྣ་མང་ལོ་རེ་བཞིན་དུ་སྤེལ་ནས་ཡུལ་སྐོར་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བྱས་ཤིང་། སྙན་གྲགས་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར། མཐོ་སྒང་གི་མཚོ་ངོགས་བོད་མཁར་ཡུལ་སྐོར་ལྗོངས་ཁུལ་ཡང2017ལོའི་ཟླ12པར་བདེ་བླག་ངང་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བསྐྲུན། 2020ལོར་རྒྱལ་ཁབ་རིམ་པའི་རྫོང་ཁོངས་ཧྲིལ་པོ་ཡུལ་སྐོར་དཔེ་སྟོན་ཁུལ་ཡིན་པའི་ས་ཆར་བདམས།