རྐང་ཚ་རྫོང་གིས“དགུ་པའི་ཚེས་དགུར་ལྷན་དུ་འཛོམས།བོད་མཁར་རྐང་ཚར་བརྩེ་བས་ཁེངས”ཅེས་པའི་རྒན་པར་བྱམས་སྐྱོང་གི་བྱེད་སྒོ་སྤེལ་བ།
རྐང་ཚ་རྫོང་གིས“དགུ་པའི་ཚེས་དགུར་ལྷན་དུ་འཛོམས།བོད་མཁར་རྐང་ཚར་བརྩེ་བས་ཁེངས”ཅེས་པའི་རྒན་པར་བྱམས་སྐྱོང་གི་བྱེད་སྒོ་སྤེལ་བ།
ཡོང་ཁུངས། རྫོང་དམངས་སྲིད་ཅུ།
ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་ལས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།ཏང་དང་སྲིད་གཞུང་གིས་རྒན་གསོའི་ལས་དོན་ལ་རྒྱབ་སྐྱོར་དང་རྒན་པའི་ཚེ་མཇུག་ལ་ཐུགས་ཁུར་གནང་བ་མཚོན་པར་བྱ་ཆེད།ཟླ10བའི་ཚེས23ཉིན།རྐང་ཚ་རྫོང་གིས“དགུ་པའི་ཚེས་དགུར་ལྷན་དུ་འཛོམས།བོད་མཁར་རྐང་ཚར་བརྩེ་བས་ཁེངས”ཅེས་པའི་རྒན་པར་བྱམས་སྐྱོང་གི་བྱེད་སྒོ་སྤེལ་བ། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་སྟག་ལྷ།རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སོན་ཅན་ཏིག རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚིང་ཚོན་ཧྥུ།རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཆིན་ཧྲི་ཧྥུ།རྫོང་ཨུའི་རྒྱུན་ཨུ།དྲིལ་སྒྲོག་པུའི་པུ་ཀྲང་ཁྲིན་ཞའེ་ཆིན།རྫོང་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་ལེན་ཞན་པོ།རྫོང་ཨུའི་རྒྱུན་ཨུ།རྩ་འཛུགས་པུའི་པུ་ཀྲང་ཀོའུ་ཆིས་ཧྥི།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མྰ་ཧྲིན་ལེན།རྫོང་མི་དམངས་ཁྲིམས་ཁང་གི་མགོ་འཛིན་ཝང་ཡན་ཧོང་བཅས་བྱེད་སྒོར་ཞུགས་པ་དང་།ཡུལ་ཚོ་དང་གྲོང་རྡལ་ལྔའི་སྲིད་གཞུང་དང་སྡེ་ཁུལ་ཁག་གི་འགན་འཁུར་བློ་མཐུན།རྒན་བཀུར་ཁང་གི་རྒན་པ་དེ་བཞིན་སྡེ་ཁུལ་གྱི་རྒན་པའི་འཐུས་ཚབ་བཅས་བྱེད་སྒོར་ཞུགས་ཡོད།རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པ་དང་སྡེ་ཁུལ་གྱི་རྒན་པ།ལས་སྒྲུབ་པ་བཅས་ཀྱིས་རྒན་པ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་གྱི་རིག་རྩལ་འཁྲབ་སྟོན་བྱས།
ཀྲུའུ་ཁྲིན་ཆིན་གྱིས་ཁྱིམ་དུ་རྒན་པ་ཡོད་ན་ནོར་བུ་མཆིས་པ་ནང་བཞིན།ང་ཚོ་རྐང་ཚ་རྫོང་གི་ངོས་ནས་བརྗོད་ན་རྒན་པ་ནི་ནོར་བུ་ལྟ་བུ་ཞིག་ཡིན་ལ་ང་ཚོའི་སྙིང་སྟོབས་དང་རྒྱུ་ནོར་ཡང་ཡིན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དཀའ་སྡུག་ཆེ་བའི་དུས་རབས་སུ་ཁྱེད་ཚོས་རང་སྲོག་བློས་བཏང་ནས་བྱ་བ་བསྒྲུབ་པ་དང་སྒེར་སེམས་མེད་པར་བྱས་རྗེས་བཞག་པར་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད། ད་ལྟ་ཁྱེད་ཚོས་ད་དུང་སྔར་བཞིན་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་ཐོག་མཐའ་བར་གསུམ་དུ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་བཞིན་ཡོད་པས་རྐང་ཚའི་ལོ་རྒྱུས་ཀྱིས་ཁྱེད་ཚོའི་བྱས་རྗེས་དང་གཟི་བརྗིད་ནམ་ཡང་ཡིད་ལ་བརྟན་པོ་བཅངས་དགོས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ང་ཚོས“རྒན་པར་བརྩི་བཀུར་དང་བྱམས་སྐྱོང་།རོགས་རམ”བཅས་ཀྱི་འཛུགས་སྐྲུན་དེ་དམངས་འཚོ་ལེགས་བཅོས་ཀྱི་དོན་ཆེན་ནང་བཅུག་སྟེ་མཁར་གྲོང་གི་རྒན་གསོའི་བྱ་གཞག་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས།རྒན་པའི་བདེ་ཐང་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ་རྒན་པ་ཚོར་ལ་རྒྱ་ལྡན་པ་དང་སྤུས་ཀ་མཐོ་བའི་ཚེ་མཇུག་གི་འཚོ་བ་བསྐྲུན་རྒྱུ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་།ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཁག་ཡོད་ཚེ་རྒན་པའི་ཚེ་མཇུག་གི་འཚོ་བ་ཇེ་སྐྱིད་དུ་འགྲོ་བར་ཡིད་ཆེས་ཡོད་ཅེས་གསུངས།
བྱེད་སྒོ་སྤེལ་སྐབས།ཀྲུའུ་ཁྲིན་ཆིན་དང་སྟག་ལྷས་རྒན་པ་ཚོར་དུས་ཆེན་གྱི་སྨོན་འདུན་དང་དེ་བཞིན་དུས་ཆེན་གྱི་སྤྲི་གོར་སྤྲད་པ་དང་།མཚོ་བྱང་ཡའོ་ཁྲེ་ཐུག་འཕྲད་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་མཚོ་འཁྱིལ་ཡུལ་ཚོ་ཞབས་ཞུ་བྱེད་སྒོ་ལྟེ་གནས་ལ་སྒོར་ཁྲི4ཡི་དྲོད་འདོན་སྒྲིག་ཆས་ཆ་ཚང་ཞིག་ཞལ་འདེབས་གནང་བ་དང་།མཚོ་སྔོན་ལུང་ཙིན་རྩིས་གཉེར་ལས་དོན་ཚད་ཡོད་ཀུང་སིས་རྒན་བཀུར་ཁང་གི་རྒན་པ་དང་སྡེ་ཁུལ་བཞི།བདག་སྐྱོང་ལྟེ་གནས་བཅས་ལ་རིན་ཐང་སྒོར་ཁྲི2.5ཡི་ལེགས་སྐྱེས་ཕུལ།
སྙན་འཇེབས་ཀྱི་འགྱུར་ཁུགས་རེ་རེ་དང་ལྡེམ་མྱུར་གྱི་གར་སྟབས་རེ་རེ་ཡིས་རྒན་པ་ཚོས་ཡིད་དབང་ཅིག་ཅར་འཕྲོག་ལ་དགའ་སྤྲོའི་དགོད་སྒྲས་ཀྱང་ཁེངས་འདུག རྒན་པ་ཚོས་ཆུ་ཚོད་གསུམ་ཙམ་རིང་གི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་རོལ་རྗེས་དགའ་སྤྲོ་ཆེན་པོ་ངང་ནས་ཏང་དང་སྲིད་གཞུང་།སྤྱི་ཚོགས་ཀྱི་ཁེ་ལས།སྤྱི་ཚོགས་ཀྱི་མི་སྣ་བཅས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།ཁོང་ཚོས་ཕྱི་ཚོར་མ་སོང་བར་ངོ་མཚར་ཆེ་བའི་འཁྲབ་སྟོན་འདི་འདྲ་བལྟ་ཐུབ་པ་མ་ཟད།འཚོ་བའི་ཕྱོགས་ནས་སྐད་ཆ་འདྲི་མཁན་དང་དཀའ་ངལ་ཐད་ནས་རོགས་རམ་བྱེད་མཁན་ཡོད་པས་ཚེ་མཇུག་ལ་བདེ་སྐྱིད་ལྡན་པའི་ཚོར་སྣང་ཞིག་སྦྱིན་འདུག་ཅེས་བཤད།
རྗེས་མར་རྐང་ཚ་རྫོང་གིས་རྒན་པའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས།དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བཅངས་ཤིང་ཕྲག་ལ་འཁུར་ཏེ་ཏང་དང་སྲིད་གཞུང་གིས་རྒན་པ་ཚོར་དྲོད་ཁོལ་སྦྱིན་ནས་བདེ་ཞིང་སྐྱིད་པའི་ཚེ་མཇུག་རོལ་ཐུབ་རྒྱུ།