མཚོ་བྱང་ཁུལ་གྱིས་༢༠༢༣ལོའི༼དགུན་དུས་མཚོ་བྱང་གནས་སྐོར་༽གྱི་མགོ་རྩོམ་མཛད་སྒོ་དང་གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན་འགྲེམ་སྟོན་བྱེད་སྒོ་སྤེལ།
མཚོ་བྱང་ཁུལ་གྱིས་༢༠༢༣ལོའི༼དགུན་དུས་མཚོ་བྱང་གནས་སྐོར་༽གྱི་མགོ་རྩོམ་མཛད་སྒོ་དང་གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན་འགྲེམ་སྟོན་བྱེད་སྒོ་སྤེལ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་ཁུལ་གྱི་དགུན་དུས་གནས་སྐོར་ཆས་རྟགས་གཏོད་ནས་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ༡༡ཚེས༢༢ཉིན། ༢༠༢༣ལོའི་དགུན་དུས་མཚོ་བྱང་གནས་སྐོར་གྱི་མགོ་རྩོམ་མཛད་སྒོ་དང་མཚོ་བྱང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱེད་སྒོ་དེ་ཁུལ་གྱི་སྡོད་གནས་ནུབ་མཚོའི་གྲོང་རྡལ་ད་སྤེལ
ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བྱེད་སྒོར་ཕེབས་པ་དང་འབྲེལ་བྱེད་སྒོ་སྤེལ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲེང་ཡོན་བྱེད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཁྲེན་ཡེན་པང་། ཞིང་ཆེན་རིག་གནས་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་འགོ་གཙོ་མ་ཡུན་ཝེ། ཞིང་ཆེན་ལུས་རྩལ་ཅུས་ཀྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཏུང་ཝེ། ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སངས་ཐར་འབུམ་དང་། ཞིང་ཆེན་འཚེམ་དྲུབ་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སུའུ་ཞའོ་ལི་བྱེད་སྒོར་ཕེབས་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་མགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་།
ཀྲང་ཧྲེང་ཡོན་གྱིས་ཤིས་ཚིག་ཕུལ་སྐབས་ད་ཐེངས་ཀྱི་དགུན་དུས་མཚོ་བྱང་གནས་སྐོར་གྱི་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོ་དང་ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱེད་སྒོ་སྤེལ་བ་ཡིས་དག་སྣང་མཚོ་བྱང་གི་དགུན་དུས་ཀྱི་རི་རྒྱུད་དང་འཁྱགས་རོམ། ནགས་རྩྭ། ཆུ་བོ་དང་མཚེའུ་བཅས་ཐོན་ཁུངས་ཀྱི་རང་བྱུང་སྐྱེ་ཁམས་མཛེས་ཉམས་ཕྱིར་མངོན་ཐུབ་པ་དང་། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་སྔར་ལས་རྒྱ་ཆེ་བའི་སྤེལ་རེས་ཀྱི་ལས་སྟེགས་དང་འགྲེམས་སྟོན་གྱི་གར་སྟེགས་བསྐྲུན་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ལ། མཚོ་བྱང་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་བྱེད་སྒོའི་ཁྲོད་ཞུགས་ནས་ཕྱོགས་མང་པོའི་ཐོག་ནས་དགུན་དུས་མཚོ་བྱང་གནས་སྐོར་དྲིལ་བསྒྲགས་དང་། མཚོ་བྱང་གི་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ངོ་སྤྲོད་བྱས་ནས་དགུན་དུས་མཚོ་བྱང་གནས་སྐོར་གྱི་ཐོན་ཁུངས་རིན་ཐང་དེ་དཔལ་འབྱོར་རིན་ཐང་དུ་བསྒྱུར་གང་ཐུབ་བྱ་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་པ་ཡིན་ཞེས་བསྟན། བྱེད་སྒོའི་ཡུལ་དངོས་སུ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་བརྙན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དགུན་དུས་མཚོ་བྱང་གནས་སྐོར་གྱི་མཛེས་ལྗོངས་ཁུལ་ཡག་ཤོས་དང་དར་ཆེའི་རྣམ་གྲངས། གངས་འཁྱག་སྤྲོ་དགའི་དུས་ཆེན་གྱི་ཕྲེང་བསྟར་བྱེད་སྒོ། དགུན་དུས་སྒོ་ཕྱེ་ཡོད་པའི་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་སོགས་ངོ་སྤྲོད་བྱས་པ་རེད། ཁུལ་རིག་གནས་ཁང་གི་འགན་འཁུར་བས་ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་གནས་ཚུལ་ངོ་སྤྲོད་བྱས།

མགོ་ཚུགས་མཛད་སྒོའི་སྟེང་བྱེད་སྒོར་ཞུགས་ཡོད་པའི་མགོ་ཁྲིད་ཀྱིས་༼གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འཛིན་བྱས་ནས་མཚོ་བྱང་གི་གཏམ་རྒྱུད་ལེགས་པར་བཤད་༽ཅེས་པའི་ཤུལ་བཞག་རིག་གནས་འགྲེམ་འཁྲབ་ལ་བལྟས་པ་དང་། དེ་མིན་ད་དུང་ཁུལ་རིག་གནས་ཁང་དང་དེ་སྔའི༢༢༡རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནས་རྙིང་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ཁང་དུ་མཚོ་བྱང་གི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ཡུལ་དངོས་ཀྱི་ལག་ཤེས་བཟོ་རྩལ་ལ་ལྟ་སྦྱོང་བྱས།