གུང་ཐང་བསྟན་པའི་སྒྲོན་མེ་དང་《བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་།》
发布时间:2023年11月27日 消息来源:

གུང་ཐང་བསྟན་པའི་སྒྲོན་མེ་དང་《བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་།》
ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བྲིས།
རྩོམ་སྒྲིག་པ།ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ལྗོངས་ཉི་གཞོན།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

《བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་》ཞེས་པ་ནི། གུང་ཐང་བསྟན་པའི་སྒྲོན་མེས(1762—1823)གཞན་གྱིས་བསྐུལ་ངོར་བྲིས་པའི་རང་རྣམ་ཞིག་རེད། ཤོ་ལོ་ཀ་ཉེར་བརྒྱད་ཀྱི་ནང་དུ་རང་གི་གནས་ཚུལ་ཤིན་ཏུ་ཁེངས་བསྐྱུངས་ཀྱི་ངང་ནས་མཚོན་པར་བྱས་པས་ན། རང་རྣམ་ཉེར་བརྒྱད་མ་ཞེས་ངེས་དོན་མཁས་པའི་ཁྲོད་དུ་གྲགས་པ་རབ་ཏུ་ཆེ།

༡༽

རྒྱལ་བ་ཙོང་ཁ་པ་ཡབ་སྲས་ལས་བརྒྱུད་པའི་རི་བོ་དགེ་ལྡན་པ་ལ་མཚོན་ན་མཁས་པ་ཆེན་མོ་གསེར་རིའི་འཕྲེང་བ་བཞིན་བརྗིད་པ་ལས། འཆད་རྩོད་རྩོམ་གསུམ་སྤྱིར་དང་ཁྱད་པར་དུ་རྩོམ་པའི་ཆ་ནས་རྗེ་ཡབ་སྲས་ཀྱི་གྲལ་དུ་ཚུད་ཐུབ་པ་ནི་ཁྲི་གུང་ཐང་བསྟན་པའི་སྒྲོན་མེ་ཚང་ཡིན་ཞེས་སྐབས་དེ་དང་ཕྱི་རབས་གཟུར་གནས་མཁས་པ་དག་གིས་གདེང་འཇོག་བྱས་མྱོང་།

སྲོལ་རྒྱུན་གྱི་འདོད་ཚུལ་ཡོངས་གྲགས་ལྟར་ན། རིག་པའི་གནས་ལྔ་ལ་མཁས་ན་མཁས་པ་སྟེ་པཎ་ཆུང་དང་། རིག་པའི་གནས་བཅུ་ལ་མཁས་ན་མཁས་པ་ཆེན་པོ་སྟེ་པཎ་ཆེན་གྱི་མཚན་གསོལ་བ་དང་། དེ་བཞིན་ས་པཎ་ཀུན་དགའ་རྒྱལ་མཚན་ནས་ཀྱང་། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་གསུངས་པ་ལྟར། ཤེས་པར་བྱ་བའི་གནས་སྤྱི་ལ་མཁས་ན་མཁས་པ་ཡིན་ངེས་ཤིང་། ཤེས་བྱ་བྱེ་བྲག་པ་ཞིག་མཁས་ནའང་མཁས་པ་ཞེས་བྱ་བའི་མིང་ཐོབ་བོ། །དེང་གི་མཁས་པ་ཞེས་པའི་ཚད་ཐིག་ཀྱང་ཤེས་པར་བྱ་བའི་གནས་བཅུ་ཕྲག་ལས་བརྒྱ་ཕྲག་ཏུ་ཞིབ་པར་འབྱེད་པའམ་འཕེལ་བར་འགྱུར་བས་ན། མཁས་པ་ཞེས་པའང་ཤེས་བྱ་སྤྱིར་ལས་བྱེ་བྲག་ཅན་ཏེ་ཆེད་ལས་གང་མཁས་པ་ལ་ངོས་འཛིན་མཛད་པའི་སྲོལ་བྱུང་དང་འབྱུང་མུས་ལྟར། སྤྱི་ལ་མཁས་པའི་ཀུན་མཁྱེན་ཞིག་འབྱོན་མི་སྲིད་ལ། བརྒྱ་ལ་ཡོད་པ་དེའང་ལྟོས་བཅས་སུ་མཁྱེན་རྒྱ་ཧ་ཅང་ཡངས་པའི་ཆ་ནས་ཆེ་བསྟོད་ཀྱིས་མཚན་གསོལ་བ་ཙམ་ལས། ཆེད་མཁས་ཞེས་པའི་མིང་གིས་འཐུས་པར་བྱེད་དོ། །

བོད་ཀྱི་དགོན་སྡེའི་སློབ་གསོ་ལ་དགེ་བཤེས་དང་མཁས་པོའི་བསླབ་གནས་དང་སློབ་ཐོན་གྱི་བརྒྱུད་རིམ་ཆགས་པ་ལྟར། དེ་ལས་མཐར་ཕྱིན་པ་ལ་མཁས་པའི་མིང་ཐོབ་པའི་ཆ་རྐྱེན་ཚང་བ་དང་། ཕྱིས་སུ་འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་གསུམ་དང་བཤད་སྒྲུབ་ལས་གསུམ་སྟེ་ཐོས་པ་རྒྱུད་ལ་སྦྱར་བའི་ལས་དག་ཆུ་བོའི་རྒྱུན་བཞིན་སྐྱོང་བ་ལས་མཁས་པའི་གྲགས་པ་རང་བཞིན་གྱིས་ཆགས་པ་དང་། ཁྱད་པར་དུ་སློབ་དཔོན་ཙཎྡ་གོ་མིས། གང་ཕྱིར་མཁས་པ་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་གསུངས་པ་ལྟར། ཕྱག་རྩོམ་ནི་གང་ཞིག་མཁས་པའམ་མཁས་པ་ཆེན་པོའི་མཚན་དེ་ཐོགས་ཏེ་མི་རབས་ནས་མི་རབས་བར་དུ་འགྲོ་བ་མིའི་རིགས་ཀྱི་དྲན་འཛིན་དུ་ལྷག་པའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར། གཞན་དུ་གང་ཞིག་འཆད་པ་དང་རྩོད་པ་ལ་མཁས་པ་ཡིན་པར་ཇི་ལྟར་གྲགས་ཆེ་ནའང་། ཁོང་ཉིད་གཤེགས་རྗེས་མཁས་པའི་མཚན་སྙན་དེ་དུས་ཀྱི་འགྲོས་དང་བསྟུན་བར་སྣང་ནས་ཡལ་བའི་སྐར་མ་འོད་ཆེན་གྱི་རྗེས་སུ་འགྲོ་སྟེ། ཇི་སྐད་དུ་བསྟན་དར་ལྷ་རམས་པས། རྩོད་ལ་མཁས་ཀྱང་རྩོམ་ལ་མི་མཁས་ན། །མཁས་པའི་གྲགས་པ་རང་དུ་མཉམ་དུ་འཆི། །ཞེས་གསུངས་པ་བཞིན་ནོ། །

༢༽

འཛམ་གླིང་མི་རིགས་ཀུན་ལས་མི་གྲངས་ཀྱི་ཚད་དང་དེའི་མཁས་པ་དག་གིས་བཞག་པའི་གླེགས་བམ་ལ། གལ་སྲིད་བསྡུར་བ་ཞིག་རྒྱག་པའི་དབང་དུ་བཏང་ན། ཨང་དང་པོ་ནི་གདོང་དམར་ཅན་རིགས་ཀྱིས་ལེན་ངེས་ཡིན་སྙམ། གླེགས་བམ་རི་བོའི་གཏོས་དང་མཉམ་པ་དེའང་གདོང་དམར་ཅན་གྱི་མཁས་པ་རིམ་བྱོན་གྱིས་བློ་མཚོ་ལས་འཁྲུངས་པའི་ནོར་བུ་ཇི་སྙེད་ཀྱིས་སྤུངས་པ་ལགས་པས། དེ་ནི་མི་རིགས་གང་དེའི་མེས་པོ་དག་གིས་བུ་རབས་ཚ་རྒྱུད་ལ་བཞག་པའི་འཛད་དུ་མེད་པའི་ཤེས་རིག་གི་གཏེར་ཡིན་ལ། འགྲོ་བ་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ཙ་ན། ཕྱོགས་དེའི་མཐོང་ཟུར་ནས་བརྗོད་ན་ཕྱག་རྩོམ་ཤུལ་དུ་བཞག་པའི་སྐྱེས་བུ་ཡིན་ཚད་མཁས་པ་ཡིན་པའི་ཁྱབ་མཐའ་བཀོད་ཆོག་ལ། དེང་རབས་ཀྱི་ངོས་འཛིན་ལུགས་ཀྱི་ཆེད་མཁས་ཀྱི་མཚན་གསོལ་འོས་པ་ཤ་སྟག་འདུག་སྙམ།

གསུང་རྩོམ་ཡོད་པ་ཡིན་ཁྱབ་མཉམ་ལ་དོན་གྱི་མཁས་པ་ཆེན་པོ་གང་ཞིག་ཡིན་མིན་ལ། གང་དེའི་གསུང་རྩོམ་གྱི་སྤྱོད་སྒོ་ཆེ་ཆུང་དང་དེ་ལས་འཕྲོས་པའི་གྲགས་པ་ཆེ་ཆུང་ལ་འཇུག་ལྡོག་བྱེད་དེ།  ཐུ་མི་དང་སུམ་རྟགས་རྩ་བ། ས་པཎ་ཀུན་དགའ་རྒྱལ་མཚན་དང་ཁོང་གི་ས་སྐྱ་ལེགས་བཤད། རྗེ་ཙོང་ཁ་པ་དང་ཁོང་གི་ལམ་རིམ།  སི་ཏུ་ཆོས་ཀྱི་འབྱུང་གནས་དང་ཁོང་གི་སུམ་རྟགས་འགྲེལ་ཆེན། ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་ཁོང་གི་གྲུབ་མཐའ་བར་གྱི་འབྲེལ་བ་ལྟ་བུ་རྩོམ་པ་པོ་བརྗོད་ཚེ་ཁོང་གི་བརྩམས་ཆོས་དྲན་འོང་པ་དང་བརྩམས་ཆོས་ཀྱི་མིང་བརྗོད་ཚེ་རྩོམ་པ་པོའི་མཚན་ལྷང་ངེར་ཡིད་ལ་ཤར་ཐུབ་པའོ། །

དེ་བཞིན་སྐབས་བབ་ཀྱི་བརྗོད་དོན་གུང་ཐང་བསྟན་པའི་སྒྲོན་མེ་ཚང་ལ་མཚོན་ན། སྤྱིར་ཤུལ་བཞག་གསུང་པོད་བཅུ་གཉིས་མཆིས་ཤིང་། དེ་ལས་ཡོངས་སུ་གྲགས་པའི་བསྟན་བཅོས་ནི་ཆུ་ཤིང་བསྟན་བཅོས་དང་ཉམས་མྱོང་རྒན་པོའི་འབེལ་གཏམ་ལྟ་བུ་ཡིན། དེ་ཉིད་ཀྱང་ས་པཎ་གྱིས། ནགས་ཚལ་ཤིན་ཏུ་མང་མོད་ཀྱང་། །ཙནྡན་ས་མཆོག་སྐྱེ་བ་ཉུང་། །དེ་བཞིན་མཁས་པ་མང་ན་ཡང་། །ལེགས་བཤད་འབྱུང་བ་ཤིན་ཏུ་དཀའ། །ཞེས་གསུངས་པ་ལས་ཀྱང་ང་ཚོས་གུང་ཐང་ཚང་གི་མཁས་པའི་ཚད་དེ་གང་ལྟར་ཡིན་པར་རྒྱང་རིང་ནས་རི་བོ་དག་གི་མཐོ་ཚད་ལྷུང་ངེར་གསལ་བ་ལྟར་རོ། །

བོད་ལ་ཤུལ་བཞག་གསུང་རྩོམ་འབོར་ཆེན་བཞག་པའི་མཁས་པ་བགྲང་གིས་མི་ལོང་བ་ཞིག་ཡོད་མོད། དེ་དག་ལས་ཡོངས་སུ་གྲགས་པའི་གསུང་རྩོམ་འདི་ཞེས་དམིགས་བསལ་གྱི་མཛུབ་མོ་འཛུགས་ས་མེད་པ་མང་ཆེ་བ་ཡིན་གཤིས། ཇི་སྐད་དུ་། མཁས་པ་མཁས་པས་ཤེས་མོད་ཀྱང་། །བླུན་པོ་མཁས་པ་ཇི་ལྟར་ཤེས། །ཞེས་བརྗོད་པ་ལྟར། རྩོམ་པ་པོ་དང་ཆུ་ཚད་ཉེ་བའམ་མཉམ་པ། ཡང་ན་དེ་ལས་མཁས་པ་ཞིག་ཡིན་པའི་ཆ་ནས་བརྩམས་ཆོས་རིན་ཐང་རྟོགས་པ་ལས་རྩོམ་པ་པོ་གང་དེའི་མཁས་ཚད་ཇི་བཞིན་གཞལ་ཐུབ་མོད། ཕལ་བ་དག་གིས་ཆེ་གེ་མོ་གང་ཞིག་མཁས་པ་ཡིན་མིན་གྱི་གདེང་འཇོག་གམ་གླེང་མོལ་བྱེད་པ་ནི།  ཕལ་མོ་ཆེས་རྩོམ་པ་པོ་གང་དེའི་རྣམ་ཐར་རྟོགས་བརྗོད་བྱུང་རབས་སོགས་ལས་དཔོག་པ་ལྟ་བུ་ཡིན།

དེའི་ཕྱིར་ན། རྣམ་ཐར་རམ་རྟོགས་བརྗོད་བཅས་ནི་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཁོར་ཡུག་ཏུ་མཁས་བཙུན་བཟང་གསུམ་མམ་སྐྱེས་ཆེན་གང་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པར་སྒྲུབ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་ཕྱིན་རྒྱུགས་ཧ་ཅང་ཆེ། ཚུལ་ལུགས་དེ་ཉིད་རྒྱ་ཡན་དུ་ཕྱིན་པས་རང་སོ་སོའི་ཆོས་བརྒྱུད་དམ་བླ་བརྒྱུད་ཀྱི་ཆེ་བ་འདོན་ཕྱིར་གཅིག་གིས་གཅིག་ལ་ལད་མོ་བྱས་ཏེ། བླ་མའམ་མཁས་པ་གང་ཞིག་ཚིག་གི་སྒྲོས་ཀྱིས་བསྟོད་དྲགས་ཅིང་། སྐྱོན་གྱི་ཆ་ཀུན་ནས་ཟད་པའི་ལྷ་ལྟ་བུ་ཞིག་ལས་འཇིག་རྟེན་གྱི་འཚོ་བ་རོལ་བའི་མི་ཞིག་ཡིན་པ་གོ་མི་ཐུབ་པ་དང་། རྩོམ་ལུས་ཀྱི་ཆ་ནས་གཏན་ཆགས་འབྲི་ལུགས་ལས་བརྒལ་མི་ནུས་པར་བརྐོས་ཕོར་གཅིག་ལས་ཐོན་པའི་སྐུ་འདྲའམ་གླུ་བརྒྱ་ངག་གཅིག་གི་རྣམ་པར་གནས་ཡོད།

ཚུལ་ལུགས་དེ་དག་དད་པ་འདྲེན་ཕྱིར་རམ་ཆོས་ཀྱི་ཆེ་བ་འདོན་པ་སོགས་དགོངས་གཞི་དགོས་པ་གང་ལ་གང་འཚམས་དགེ་མཚན་རེ་ཡོད་ངེས་པ་བཤད་མ་དགོས་མོད། ཇི་སྐད་དུ་གཡུང་སྟོན་རྡོ་རྗེ་དཔལ་བཟང་(1284—1365)གིས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲགས་པས་བླ་མ་ཟོག་པོར་གཏོང་། །ཞེས་གསུངས་པ་ལྟར། དོན་གྱི་མཁས་པ་ཚུལ་དེ་ལ་ཐུགས་མི་དགྱེས་ཕྱིར། སྔོན་འགོག་ཏུ་རང་ཉིད་སྐུ་འཚོ་བཞུགས་སྐབས་རང་གི་ཚུལ་ལུགས་རང་བཞིན་བརྗོད་པའི་རང་རྣམ་ཞེས་པ་འབྲི་བར་བྱེད། མཁས་པས་བྲིས་པའི་རང་རྣམ་དུ་སྒྲོ་སྐུར་སྤངས་ནས་རང་ཉིད་དགའ་སྐྱོ་ཆགས་སྡང་མངའ་བའི་མི་རྣལ་མ་ཞིག་ཏུ་བྲིས་པ་ཤ་སྟག་ལས་རང་ཉིད་མི་ཟས་ཟ་བའི་སྐྱོན་ཟད་ལྷ་ལྟ་བུ་ཞིག་ཏུ་བྲིས་ཡོད་པ་སྲིད་མཐའ་ཙམ་རེད།

དེས་ན། རང་རྣམ་ནི་རྣམ་ཐར་རམ་རྟོགས་བརྗོད་སོགས་གཞན་གྱིས་བྲིས་པ་ལས་ཀློག་རིན་ལྡབ་འགྱུར་གྱིས་ཆེ་བའི་ལོ་རྒྱུས་ཡིན་ལ། མཁས་པ་དེ་མཁས་པ་ཡིན་ངེས་པར་ཤེས་པའི་ལྡེ་མིག་ཅིག་ཀྱང་ཡིན།

༣༽

བོད་དུ་མཁས་པའི་རང་རྣམ་ཧ་ཅང་མང་པོ་མཆིས་པ་ལས་བམ་ཚད་ཆེས་མང་བ་རྒྱལ་བ་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལྟ་བུ་པོད་ཆེན་དྲུག་གི་བདག་ཉིད་ཅན་ཡོད་ལ། དགེ་འདུན་ཆོས་འཕེལ་གྱི་རང་རྣམ་སྟེ་ཤོ་ལོ་ཀ་གཅིག་གིས་འཐུས་པ་ཅན་ཡང་ཡོད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ་ལྟ་བུ་རྒྱས་བསྡུས་རན་པ་ཅན་ཡོད་ལ། རྗེ་བློ་བཟང་གྲགས་པའི་རྟེན་འབྲེལ་བསྟོད་པ་ལྟ་བུ་ཁོང་གི་མཚན་ཉིད་རིག་པའི་རང་བཞིན་ཅན་གྱི་རང་རྣམ་ཆེས་བསྡུས་མའང་ཡོད།

སྐབས་བབ་ཀྱི་བརྗོད་བྱར་གྱུར་བའི་གུང་ཐང་བསྟན་པའི་སྒྲོན་མེ་ཚང་ནས་ཀྱང་རང་གི་རྣམ་ཐར་ཤོ་ལོ་ཀ་ཉེར་བརྒྱད་ནང་དུ་འདུས་པར་བྱས་ཏེ། བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་ཞེས་པའི་མཚན་གསོལ་ཏེ་རྗེས་འཇུག་རྣམས་ཀྱི་རྟེན་དུ་བཞག་པ་ནི། དོན་དུ་ཁོང་གི་རྣམ་ཐར་རྒྱས་པ་སྟེ། དབལ་མང་ཚང་གིས་མཛད་པའི་དད་པའི་པདྨོ་བཞད་པའི་ཉིད་བྱེད་ཀྱི་ས་བོན་དུའང་གྲུབ་པས་དགེ་ལྡན་ལུགས་བཟང་གི་མཁས་པའི་ཁྲོད་དུ་གྲགས་པ་ཧ་ཅང་ཆེའོ། །

བོད་ཀྱི་རང་རྣམ་འབྲི་བའི་མཁས་པ་ཕལ་མོ་ཆེ་ནི་འཇིག་རྟེན་ཆོས་བརྒྱད་ལ་ཞལ་མི་ཕྱོགས་པ་ཤ་སྟག་ཡིན་པས། རང་གི་ལོ་རྒྱུས་འབྲི་བའི་ཀུན་སློང་ནི་རང་གི་མི་ཚེའི་བྱས་རྗེས་གཞན་ལ་བསྒྲགས་འདོད་མ་ཡིན་པར། རྗེས་འཇུག་སློབ་མས་བླ་མ་ཟོག་པོར་གཏོང་བའི་གནད་དོན་དེ་ལྡོག་པའི་ཆེད་དུ་རང་གི་གནས་ཚུལ་རང་གིས་སྒྲོ་སྐུར་གྱི་ཆ་ཙམ་ཡང་མ་འདྲེས་པར་དྲང་མོར་བཤད་པ་ཡིན་ལ། རང་རྣམ་ཕལ་མོ་ཆེ་ནི་གཞན་གྱིས་བསྐུལ་ངོར་ལྡོག་མ་ནུས་པར་བྲིས་པ་ཡིན་པས། རྣམ་ཐར་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་ཁེངས་བསྐྱུང་གི་དྲི་བསུང་གིས་འཐུལ་ཡོད། གུང་ཐང་བསྟན་པའི་སྒྲོན་མེ་ཡི་རང་རྣམ་ཡང་གཞན་གྱི་སྐུལ་ངོ་མ་ལྡོག་པ་ཡིན་ཚུལ་འདི་ལྟར་གསུངས་ཡོད་དེ། བསྟན་པའི་ལྕགས་རི་ཚ་བ་ཁ་གསུམ་གྱི། །གཙོ་བོར་གྱུར་བ་སོ་མང་རྒྱལ་ཁབ་ནས། །གསེར་བཟང་ཁྲི་ཕྲག་འཐག་རིས་ལྷ་དར་གྱི། །སྐྱེས་བཅས་མི་སྣ་ཆེད་དུ་མངགས་བའི་གདོང་། །སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི །དོན་འགྲེལ་རྟོགས་བརྗོད་ལྷུག་པར་བྱས་པ་དང་། །ཁོ་བོའི་གནས་ཚུལ་ཞིབ་པར་བཀོད་པ་ཡི། །རྣམ་ཐར་དགོས་ཚུལ་ཡི་གེ་ནན་ཆེར་བྱུང་། །ཞེས་གསུངས་པ་དང་། ཤིན་ཏུ་ཡ་རབས་ཁེངས་བསྐྱུང་ཡང་འདི་ལྟར་བྱས་འདུག་ཏེ། མ་ག་དྷ་བཟང་གཉིས་པ་མིའི་དབང་མོ། །མ་ཆེན་བསོད་ནམས་སྒྲོལ་མའི་དགོངས་བཞེད་བཞིན། །མ་བཅོས་རྣམ་ཐར་གཙང་མ་འགའ་མཆིས་ན། །མ་སྦས་གསོང་པོར་སྨྲ་བའི་འོས་ཡིན་ཀྱང་། །རྙེད་བཀུར་ལོངས་སྤྱོད་འདུ་འཛིའི་ཞགས་པ་ཡིས། །རྣམ་པར་བཅིངས་པའི་དད་ཚུལ་བརྗོད་པ་ལ། །རྣམ་པར་ཐར་ཅེས་དོན་མི་མཐུན་གྱི་གཏམ། །ཅོ་འདྲི་ལྟ་བུར་སྙིགས་མའི་དུས་འདིར་སྒྲོགས། །ཞེས་དང་། བྱི་རུའི་རྒྱན་ལྡན་རཀྴའི་ཕྲང་བ་བཞིན། །ཕལ་བའི་སྤྱོད་ཚུལ་ཡོན་ཏན་འགའ་ཟུང་བཅས། །སྒྲོ་སྐུར་སྤངས་པའི་བདེན་ཚིག་སྲད་བ་ལ། །བསྟར་འདི་མཁྱེན་དཔྱོད་སོར་མོས་བགྲང་བར་མཛོད། །ཅེས་གསུངས་སོ། །

བོད་ཀྱི་ལོ་རྒྱུས་སྟེང་དུ་རང་རྣམ་འབྲི་བ་པོ་ཕལ་མོ་ཆེ་འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་གསུམ་ལས་རྩོམ་ལ་བྱང་ཆུབ་པ་ཤ་སྟག་ཡིན་པས། བརྗོད་བྱའི་དོན་གང་ཞིག་རྗོད་བྱེད་ཚིག་གི་ལོ་མས་བསྒྲིབས་པ་མེད་པར་དྭངས་གསལ་མཚོ་མོའི་ནང་གི་རྡེའུ་ལྟ་བུ་ཡིན་པས། རྣམ་ཐར་གི་དབུ་ནས་ཞབས་སུ་བསྡུས་པའི་ཆོས་ཀུན་གོ་སླ་ལ་འཛིན་བདེ་བ་ཤས་ཆེ།  

གུང་ཐང་བསྟན་པའི་སྒྲོན་མེ་ཚང་ནི། གསུང་རྩོམ་གང་ཞིག་མཛད་ཀྱང་སྙན་ངག་གི་ཉམས་ཐོན་པས་ངོ་མཚར་ཞིང་དགའ་བ་སྐྱེད་པ། མདོ་སྔགས་ཀྱི་གཞུང་དོན་དང་འབྲེལ་བས་བསྟན་པའི་གནད་ལ་གོ་བ་སྟེར་བ། ཤེས་རྒྱུད་འདུལ་བའི་ཐབས་སུ་འདྲིལ་བས་བློ་སྦྱོང་གི་གནད་ཚང་བ། སྐུ་ཚེ་སྟོད་ལ་ཤར་ཕྱོགས་གོ་ཊ་བ་ལྟར་བརྗིད་པའི་ཤུགས་ཆེ་ཡང་། སྐུ་ཚེ་སྨད་ལ་ལྷོ་ཕྱོགས་བེེ་ངྷརྦྷ་ལྟར་འཇམ་ཞིང་སྙན་པ་ཡོད་ཅེས་ཁོང་གི་སློབ་མ་དབལ་མང་ཚང་གི་གདེང་འཇོག་བྱས་པ་ལྟར་ཡིན་ཡང་། ཁོང་གི་རང་རྣམ་དེ་ཉིད་གསལ་བ་མེ་ལོང་ལྟ་བུ་ནི། སྤྲིངས་ཡིག་ཡིན་པས་དེ་བས་སྙན་ཆ་ཆེ་ཡང་བརྗོད་བདེ། དོན་གནད་དྲིལ་ཞིང་གོ་སླ། དཔེར་ན། སྔ་མའི་གཞུང་ལ་སྦྱར་བྱང་བཏགས་མིན་ཞིང་། །མངོན་བརྗོད་སྤེལ་བའི་ཚིག་བསྒྲིག་ཙམ་མིན་པར། །བརྩམས་ཆོས་འགའ་ཟུང་བསྟན་དུ་ཡོད་པ་འདི། །བསྟན་ལ་ལག་རྗེས་བཞག་པའི་རྣམ་ཐར་ཡིན། །མདོ་སྔགས་གཞུང་ལུགས་གང་གི་ཚིག་དོན་ལ། །དཔྱོད་པའི་བློ་གྲོས་འཇུག་པར་མི་དཀའ་ཡང་། །དོན་གྱི་ཉམས་མྱོང་རྒྱུད་ལ་མ་སྐྱེས་པ། །ཆུ་ནང་རྡོ་བ་སྐམ་པོའི་རྣམ་ཐར་ཡིན། །འཕགས་བོད་མཁས་པའི་ལེགས་བཤད་རོ་བརྒྱའི་ཟས། །སྤྱད་པས་དེང་དུས་མཁས་རློམ་ངག་སྒྲོས་ཀྱི། །ཟན་དོན་ཙམ་ལ་འགྲམ་ཆུ་མི་ལྡང་བ། །དྲེད་པོ་ཆོས་རྒྱུས་མཁན་གྱི་རྣམ་ཐར་ཡིན། །ཅེས་པ་ལྟ་བུ་ཆེད་དུ་སྙན་པར་བྲིས་པའི་བཟོ་མེད་པར་རྫ་ཆུ་བསིལ་མའི་འབབ་འགྲོས་ལྟར་རང་བཞིན་གྱིས་བཞུར་བ་ལྟ་བུ་ཡིན།

རང་རྣམ་ནི་རང་གི་གནས་ཚུལ་རང་གིས་བརྗོད་པ་ཡིན་པས། དེར་དོན་ལ་མི་གནས་པའི་འུར་བསྟོད་དང་སྐབས་སུ་མ་བབ་པའི་ཆེ་བརྗོད་ཀྱིས་སེང་རས་གཡོགས་མེད་ལ། བླ་མས་ཅི་བྱས་ཆོས་སུ་མཐོང་བའི་དག་སྣང་པའི་སྒྲོས་ཀྱིས་ཀྱང་བསླད་མེད་པར། མེ་ལོང་དུ་ཤར་བའི་གཟུགས་བརྙན་བཞིན་ཡོན་ཏན་ཡོན་ཏན་དུ་མཐོང་ཐུབ་པ་དང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེ་ལ་མི་འདང་བའི་ཆ་ཞིག་ཀྱང་ཡོད་ངེས་པ་ཅན་དེ་ཇི་བཞིན་དཔོག་ནུས་པ། གུང་ཐང་གི་རང་རྣམ་དུའང་། འོན་ཀྱང་སྐྱོན་ཡོན་འདྲེས་མའི་སྤྱོད་ཚུལ་རྣམས། །སྒྲོ་སྐུར་སྤངས་ཏེ་དྲང་པོར་བརྗོད་བྱས་ན། །དགག་བྱ་ཆུང་ཞིང་སྐལ་མཉམ་འགའ་ཞིག་ལ། །ཅུང་ཟད་ཕན་ཡང་སྲིད་པས་འདི་སྐད་གསོལ། །ཞེས་གསུངས་པ་ལྟར་རོ། །

དེ་བཞིན་རང་རྣམ་དུ་བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གཏམ་དང་དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་ཧ་ལམ་འབྲི་མི་སྲིད་པས་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་ཅན་གྱི་མི་ཞིག་གི་མཛད་སྤྱོད་རང་བཞིན་བརྗོད་པ་ཡིན་ངེས་པས། རང་གི་གདུགས་འོག་ཏུ་ཚུད་པའི་དད་ལྡན་མང་ཚོགས་དང་ལྷག་ཏུ་རང་གི་གྲྭ་རྒྱུད་སློབ་རྒྱུད་དག་ལ་མཚོན་ན་དེ་འདྲ་ཡིད་མགུ་བའི་ངེས་པ་མེད་མོད། ཀློག་པ་པོ་གཞན་དང་གཞན་གྱིས་རྣམ་ཐར་གང་དེར་བལྟ་ཀློག་བྱས་ན་བླ་མའམ་མཁས་པ་དེ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཏེ། རང་རེའི་སོ་སོ་སྐྱེས་བུ་དང་ཁ་ཐག་ཧ་ཅང་རིང་བའི་སྟེང་རིམ་གྱི་ལྷ་ལྟ་བུ་ཞིག་མིན་པར་རང་ཅག་དང་འདྲ་བའི་མི་གསོན་པོ་ཞིག་ཡིན་ཞིང་། རླབས་ཆེ་བའི་གཟི་བརྗིད་འོག་ཏུ་ནག་ཐིག་ཕྲན་བུ་རེ་མཆིས་པ་ལྟ་བུ་སྟེ། བཀླག་ཀྱིན་བཀླག་ཀྱིན་དེ་ལ་དགའ་བཀུར་རང་ཤུགས་ཀྱིས་བསྐྱེད་ཅིང་། བསམ་བཞིན་བསམ་བཞིན་དེ་ལ་ཡིད་ཆེས་པའི་དད་པ་ངང་གིས་བསླང་ཐུབ་པ་སོགས་རིས་སུ་མེད་པའི་ཀློག་པ་པོའི་དག་ལ་མཚོན་ན་དགེ་མཚན་དེ་བས་ཆེ་བར་འགྱུར་ངེས། དཔེར་ན། རང་རྣམ་དུ། དགོངས་གཞི་ཅན་གྱི་ལུང་བསྟན་འགའ་ཞིག་ལ། །བརྟེན་ནས་རྗེ་བཙུན་ཤེར་རབ་སེང་གེ་སོགས། །དམ་པའི་སྐྱེ་ཕྲེང་དུ་མ་བདག་གིར་བྱས། །རྫུན་ཕུགས་བྲག་ལ་གཏད་པའི་རྣམ་ཐར་ཡིན། །ཞེས་དང་། དད་ལྡན་དུ་མས་བསྐུལ་ཏེ་མདོ་སྨད་ཀྱི། །ཕྱེད་ཙམ་བསྐོར་ཀྱང་དངོས་འབུལ་གང་བྱུང་ལས། །ཕ་རོལ་འདྲིད་པའི་ཐབས་དང་འཁྲུལ་མ་བཀྱེས། །ལུགས་གཉིས་མཁྱེན་རྒྱ་ཆུང་བའི་རྣམ་ཐར་ཡིན། །ཞེས་དང་། ཡུལ་ཁམས་མང་པོའི་རྙེད་བསྐུར་སྡུད་པ་དང་། །གྲྭ་སློབ་མང་པོར་ཆོས་སྦྱིན་འགྱེད་པ་སོགས། །བླ་ཆེན་སྤྱི་ཡི་ཕྱག་སྲོལ་རྒྱས་པར་བྱས། །ཆོས་བརྒྱད་རྟ་རྒྱུག་འགྲན་པའི་རྣམ་ཐར་ཡིན། །ཞེས་པ་དང་། སྙིང་རྗེས་གཞན་དོན་སྒྲུབ་པ་ལྟར་སྣང་ཡང་། །ཕུགས་ཀྱི་གཏད་སོ་རང་དོན་ཁོ་ནར་གནས། །སྣང་ཚུལ་གནས་ཚུལ་མི་མཐུན་རྫུན་པ་རུ། །གྲུབ་འདི་ཀུན་རྫོབ་བདེན་པའི་རྣམ་ཐར་ཡིན། །ཉམས་ལེན་བྱེད་རྒྱུ་མ་དྲན་ཉི་ཤུ་ཐལ། །བྱེད་དོ་བྱེད་དོའི་ངང་ལ་ཉི་ཤུ་ཐལ། །མ་བྱུང་མ་བྱུང་ཟེར་ཞིང་བཅུ་ལྷག་ཐལ། །མི་ཚེ་སྟོང་པར་ཟད་པའི་རྣམ་ཐར་ཡིན། །ཞེས་པ་ལྟ་བུའོ། །

གཞན་གྱིས་བྲིས་པའི་རྣམ་ཐར་དང་རང་གིས་བྲིས་པའི་རྣམ་ཐར་གྱི་ཁྱད་པར་གཙོ་བོ་ཞིག་ནི། གཅིག་ནི་ཡོན་ཏན་སྦས་ནས་བརྗོད་པ་དང་ཅིག་ཤོས་ནི་ཡོན་ཏན་མངོན་ནས་བརྗོད་པ། གཅིག་ནི་རང་བཞིན་བརྗོད་པ་ཤས་ཆེ་ལ་ཅིག་ཤོས་ནི་འཁྱོག་བརྗོད་ཀྱི་རྒྱན་གྱིས་བརྒྱན་པ་མང་བ། དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེ་ཚང་དགུང་ལོ་བཅོ་བརྒྱད་ནས་ཉེར་དྲུག་བར་དབུས་གཙང་ཆོས་ཀྱི་ཞིང་དུ་མདོ་སྔགས་ཀྱི་གསན་སྦྱོང་གྲུབ་སྟེ་མཁས་པའི་གཙུག་རྒྱན་དུ་གྱུར་ཞིང་། ཁྱད་པར་དུ་ཁོང་གི་རྩོད་རིག་ལ་སྐབས་དེའི་གྲྭ་སའི་དགེ་བཤེས་རྣམས་ཀྱི་འགྲན་པའི་ཟླ་དང་བྲལ་བ་གྲགས་པ་རབ་ཏུ་ཆེ་བ་ལ། རང་རྣམ་དུ།  གདན་ས་གསུམ་གྱི་མཁས་པའི་མདུན་ས་རུ། །བཀའ་པོད་ལྔ་ཡི་ཟབ་གནད་ཕྲ་ཞིབ་ནས། །ཚིག་འཁྲིའི་སྤྲོས་པ་ཚུན་ལ་ཞུམ་པ་མེད། །རྩོད་པའི་གྲགས་སྐམ་ཐོབ་པའི་རྣམ་ཐར་ཡིན། །ཞེས་ཁེངས་བསྐྱུངས་ཀྱིས་བྲིས་པ་དང་། རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིད་དུ་ཁོང་གི་སློབ་མ་དབལ་མང་ཚང་གིས་འདི་ལྟར་བྲིས་ཡོད་དེ། ལུང་རིགས་དར་གྱི་ཤམ་བུ་རྣམ་པར་བཀྲ། །ཟབ་རྒྱས་རྩིབས་སྟོང་རྫོགས་པའི་གྲིབ་བསིལ་ལ། །ཤགས་འགྱེད་སྦྱོར་བས་མཁས་པར་རློམ་པ་འགའ། །གཉིད་ཀྱིས་ལོག་པ་བཞིན་དུ་ངལ་གསོ་ཐོབ། །ཞེས་དང་། རྩོད་ངག་རིགས་ལམ་སྨྲ་ལ་ཟླ་མེད་ཁྱོད། །ཕྱོགས་གླང་གྲགས་པ་གང་ཡིན་འཕྱང་མོ་ཉུག །བསིལ་ལྡན་ལྗོངས་འདིར་སྐྱེ་བའི་གར་མཛད་ཕྱིར། །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེར་ངེས། །ཞེས་སོ། །རྗོད་བྱེད་ཚིག་གི་ཆ་ནས་སྙན་པའི་ཉམས་ཐོན་པ་འདྲ་འདྲ་ཡིན་རུང་། དོན་གྱི་བབ་ལ་བལྟས་ན་རང་རྣམ་གྱི་ཚིགས་བཅད་ནི་དེ་བས་བློ་ལ་འབབ་བདེ་ཞིང་། ཁོང་གི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཤུགས་ཀྱིས་མྱོང་རོལ་བྱེད་ཐུབ་པ་ལྟ་བུ་ཡིན།

སྤྱིར་རྣམ་ཐར་དུ་བླ་མའི་ཐུན་མོང་མ་ཡིན་པའི་མཛད་པ་དེ་བཀའ་རྟགས་ཕྱག་རྒྱ་བཞག་ལུགས། རྫུ་འཕྲུལ་ཅི་དགར་སྟོན་ཚུལ། མངོན་ཤེས་ཐོགས་པ་མེད་ལུགས་སོགས་སྨྲས་ན་སྐྱེ་བོ་ཕལ་བ་རྣམས་ངོ་མཚར་བསྐྱེད་ཅིང་དད་གུས་ཀྱི་མཆི་མ་འཐོར་བས་གདུལ་བྱ་དགེ་བའི་ལམ་ལ་བཀྲི་བ་སོགས་དྲང་ཕྱོགས་ཀྱི་དགེ་བ་མཆིས་པ་སྨོས་མེད་ཡིན་རུང་། དེའི་ལྡོག་ཕྱོགས་སུ་གྱུར་བ་ནི་བླ་རྫུན་གྲུབ་རྫུན་རྣམས་ཀྱིས་དེ་ལྟ་བུའི་འཁྲབ་སྟོན་གྱིས་དད་ལྡན་མི་སྣ་མགོ་ཡུས་མགོ་སྐོར་གཏོང་བ་སོགས་དགེ་ལྡན་ཕྱོགས་ཀྱིས་དོན་གྱི་མཁས་པ་རྣམས་ཀྱིས་དགག་བྱར་འཛིན། རང་རྣམ་དུ། ཅི་དགར་སྤྱོད་པའི་སྙིང་སྟོབས་བདག་ལ་མེད། །ལྷ་མཐོང་འདྲེ་མཐོང་མངོན་ཤེས་བདག་ལ་མེད། །དགྲ་བོ་སྒྲོལ་བའི་ནུས་པ་བདག་ལ་མེད། །ལས་ཅན་ཆོས་མགོ་ཐོན་པའི་རྣམ་ཐར་ཡིན། །ཞེས་པ་དང་། ཐུབ་བསྟན་རྒྱ་ཆེར་སྤེལ་བར་མ་ནུས་ཀྱང་། །ཁས་བླངས་བསླབ་ཁྲིམས་གཙོར་གྱུར་རང་རྒྱུད་ཀྱི། །བསྟན་པ་བསམ་བཞིན་བཤིག་པར་མ་བྱས་པ། བསྟན་འཛིན་གྲལ་མཇུག་སྙེགས་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། གུང་ཐང་བསྟན་པའི་སྒྲོན་མེ་ཚང་ནི་རྟོགས་པའི་བཙན་ས་བཟུང་ཞིང་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་འབྱོར་བའི་ངེས་དོན་གྱི་སྐྱེས་ཆེན་ཡིན་རུང་། ཤིན་ཏུ་ཁེངས་བསྐྱུངས་ཀྱིས་རང་ལ་མངོན་ཤེས་སོགས་མེད་ལུགས་དང་བསྟན་པ་རྒྱ་ཆེར་སྤེལ་མ་ནུས་སོགས་བརྗོད་པའི་ཆ་ནས། དགེ་སློང་གོའུ་ཏ་མའི་རྗེས་འཇུག་ཚད་ལྡན་ཅན་ཞིག་ཡིན་ན་གང་འདྲ་ཡིན་དགོས་པའི་བླང་བྱ་གསལ་མོར་བསྟན་ཡོད།

གཞན་དུ་དབལ་མང་ཚང་ནས་གུང་ཐང་རིན་པོ་ཆེའི་ནང་གི་ཡོན་ཏན་ལ་འདི་ལྟར་བརྗོད་ཡོད་དེ། མི་འགྱུར་བདེ་ཆེན་སྟོང་བའི་མཁའ་དབྱིངས་སུ། །ཅི་དགར་རོལ་བའི་རིགས་སྔགས་དྲི་བཞོན་གྱིས། །ཐ་མལ་སྣང་ཞེན་སྤྲིན་ཚོགས་བསྐྲད་པ་ན། །ཉི་མ་བརྒྱ་ཕྲག་འབར་བཞིན་གཟི་བརྗིད་རྒྱས། །བྱིན་རླབས་བདུད་རྩིས་ཉེར་འཚེའི་ཟུག་རྔུ་འཇོམས། །ཐུགས་རྗེ་ཉིན་བྱེད་བདེ་སྐྱིད་པདྨོའི་གཉེན། །ཏིང་འཛིན་ལྕགས་ཀྱུས་སྲིད་ཞིའི་དཔལ་ཀུན་འགུགས། །མཐུ་སྟོབས་མེ་ལྕེས་མི་མཐུན་བུད་ཤིང་སྲེག །མཁས་བཙུན་གྲུབ་པའི་རྣམ་ཐར་ཟུང་དུ་འཇུག །གསང་གསུམ་འཕྲིན་ལས་དུས་ལས་ཡོལ་བ་མེད། །དད་སེམས་འཛིན་མར་ཕན་བདེའི་ཆར་བ་འབེབས། །དེང་འདིར་རྒྱལ་བའི་གདུང་འཚོབ་ཁྱོད་མིན་སུ། །ཞེས་པ་སོགས་ཡོན་ཏན་མངོན་པའི་ཆ་ནས་བླ་མའི་ནང་གི་མཛད་པ་བསྔགས་བརྗོད་བྱས་པས་རྣ་བར་སྙན་ཞིང་ཡིད་ལ་མཛེས་པ་སྟེར་བ་སོགས་དད་གུས་འཕེལ་བ་བྱེད་ལ། རང་རྣམ་དུ་ཚིག་གི་ངོ་ཐད་ནས་རང་ལ་མེད་ལུགས་གསུམ་གྱིས་དྲང་བརྗོད་བྱས་པར་སྣང་རུང་། དོན་དུ་ལྷ་མཐོང་འདྲེ་མཐོང་གིས་རང་གཞན་བསླུས་ཏེ་མི་ཆོས་བླ་མའི་རྫུན་སྨྲ་བ་དང་། ཞེ་སྡང་གི་སྟོབས་དང་རིག་སྔགས་ཀྱི་ནུས་པས་ཁེངས་ནས་རང་ལ་སྡང་བའི་ཕ་རོལ་དགྲ་བོ་སྒྲོལ་བའི་ལས་དང་། ཚུལ་ཁྲིམས་ཡལ་བར་བོར་ནས་ཆགས་སྡང་གཡོ་སྒྱུ་སོགས་ཀྱི་སྒོ་ནས་ཅི་དགར་འཚོ་བ་སོགས་རང་རྒྱུད་ཀྱི་བསྟན་པ་རང་གིས་བཤིག་པ་ངོ་ཚ་དགོས་པའི་གནས་ལ་འདུལ་བའི་ལུགས་ལྟར་རང་གིས་ནན་གྱིས་སྲུང་ཞིང་གཞན་ལ་འདོམས་པ་ཡིན་པས། ཀློག་པ་པོ་ལ་མཚོན་ན་གུང་ཐང་རིན་པོ་ཆེའི་ནང་གི་ཡོན་ཏན་ཤུགས་ཀྱིས་གོ་བ་ལེན་ཐུབ་པ་སོགས་ངེས་དོན་སྙན་ངག་རྣལ་མའི་བྱེད་ནུས་ཐོན་ཡོད་སྙམ།

བོད་དུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཡོད་པ་ལ། སོ་སོའི་ཆ་ནས་ཁྱད་ཆོས་ཐུན་མོང་མ་ཡིན་པ་རེ་ཡོད་ངེས་པས། བཟང་ངན་གྱི་ཁྱད་པར་འབྱེད་དུ་མེད་མོད། འོན་ཏེ་སྲིད་ལ་དགྱེས་པའི་ཁྲི་ཐོག་གི་བླ་མ་རྣམས་ཀྱིས་ལྷ་སྡེ་མི་སྡེ་སོགས་རྩམ་ཁུག་འཕྲོག་རེའི་ཡོ་ལང་ཁྲོད་དུ། ཕ་རོལ་པོའི་ལྟ་གྲུབ་ཚུན་ཆད་བཙོག་གྱུར་བྱས་པའི་ཉེས་དམིགས་སུ་ཆོས་བརྒྱུད་གྲུབ་མཐའ་བར་ལ་འགལ་བ་བཟོས་ཤིང་། ཕྱོགས་རེས་བྱེད་པའི་ངན་གཤིས་བོད་མིའི་ཁྲོད་དུ་རྒྱུན་འབྱམས་ཏེ་ད་བར་ལུས་ཡོད། གུང་ཐང་རིན་པོ་ཆེ་ཚང་ནི་ཆོས་རྒྱུད་གྲུབ་མཐའི་བར་གྱི་ཕྱོགས་རིས་འཁོན་འཛིན་བྱེད་པར་མཐའ་གཅིག་ཏུ་དགག་པར་བྱེད་ཅིང་། མེ་ཏོག་ཕོག་པའི་ལྷ་སྐལ་ཞེས་བརྗོད་པ་ལྟར། གཞན་ལུགས་ལ་ངན་སྨོད་མི་བྱེད་ཅིང་རང་ཚུགས་ཐུབ་པའི་སྒོ་ནས་རང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་རྩ་གནད་རང་གིས་སྲུང་ཞིང་གཞན་ལ་འདོམས་པར་བྱེད། ཁོང་གི་ཞལ་ལས། རྒྱ་བོད་ན་གྲུབ་མཐའ་སྣ་ཚོགས་ཡོད་པས། སངས་རྒྱས་ཀྱིས་གང་གསུངས་ཐམས་ཅད་འགྲོ་བའི་དོན་དུ་འགྱུར་བ་རེ་ལོས་ཡིན་ཀྱང་བསྟན་པའི་སྙིང་པོ་དང་མཇལ་བའི་དུས་འདིར་སྐལ་བ་བཟང་བ་ངོ་ཤེས་པར་བྱས་ནས་གྲུབ་མཐའ་གང་ཡིན་གྱི་རྗེས་སུ་འབྲངས་ནས་ཕར་བསྲེ་ཚུར་བསྲེ་མི་བྱེད་པར་རྗེའི་བསྟན་པ་འདི་ལ་བག་ཆགས་ཅི་ཐེབས་བྱེད་པ་གལ་ཆེ་ཞེས་ཡང་ཡང་གསུངས་པ་དང་། དེ་ལྟ་བུ་རང་རྣམ་དུའང་། གྲུབ་མཐའ་སོ་སོའི་བཞེད་གཞུང་ཕྱོགས་ཙམ་མཐོང་། །ཀུན་ཀྱང་རྣམ་གྲོལ་སྒྲུབ་པའི་ཐབས་སུ་གོ །དེ་ཕྱིར་ཡབ་རྗེའི་བསྟན་ལ་ཡིད་ཆེས་རྙེད། །ཆགས་སྡང་རྨོངས་ཞེན་དོར་བའི་རྣམ་ཐར་ཡིན། །ཞེས་གསུངས་པ་དང་། ཁོང་གི་གྲུབ་མཐའ་རིས་མེད་ཀྱི་མཛད་སྤྱོད་ཀྱང་། རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིད་བྱེད་དུ། “ཅོག་རྩེ་རྒྱལ་པོ་རྒྱ་གར་འབུམ་གཤེགས་ནས་གདན་འདྲེན་པ་གློ་བུར་དུ་འབྱོར་བས་ཉེར་དགུའི་ཉིན་ཕེབས་དགོས་བྱུང་། ས་ལམ་རྩུབ་པས་མགྱོགས་སྦྱངས་ལ་ཕེབས་ན་ཞུས་ཀྱང་འཁུར་མཁན་གྱི་མི་ལ་གནོད་གསུངས་ནས་མ་གསན་པ་ནི་འདུལ་བ་ལ་གཅེས་སྤྲས་དང་སྙིང་རྗེ་ཆེ་བའི་རང་མདངས་སུ་སྣང་། ཏཱ་རོ་ཆེ་ཆུང་། བདག་མོ་ཡུམ་སྲས། ནང་སོ་དཔོན་གཡོག་སོགས་ཀྱི་མང་བསུ་དང་། སེར་སྦྲེང་སོགས་དང་བཅས་རྒྱས་ས་དེར་བབས། ས་དགེ་རྙིང་གསུམ། ཇོ་ནང་། ཀར་བོན་སོགས་བདུན་བརྒྱའི་ཚོགས་དབུར་བྱོན་ནས་བསྔོ་བ་ཡོན་བཤད་རྒྱས་པ་གནང་བས། སྐུ་གསུང་ཐུགས་ཀྱི་མཛད་པ་ལ་གྲུབ་མཐའ་རིས་མེད་ཐམས་ཅད་གཅིག་ཏུ་དད་པར་གྱུར”ཅེས་པ་དང་། “རྙིང་བོན་སོགས་སུས་ཀྱང་ཞལ་མཇལ་བ་ཙམ་གྱིས་དད་གུས་ཀྱི་ངང་ནས་འབྲལ་མི་ཕོད་བཞིན་དུ་ཏཱ་རོ་སྟག་འབུམ། ཏཱ་རོ་ལྷ་འབུམ་ཐར། ཏཱ་རོ་འབའ་ལ་སོགས་ཀྱིས་གདན་དྲངས་པར་རིམ་ཕེབས་ཀྱིས་བཀའ་བསྒོ། ཕྱག་དབང་ལྗགས་བསྔོ། རབ་གནས་ཆོས་སྦྱིན་གང་མོས་ཀྱི་རེ་བ་བསྐངས” ཞེས་དང་། “བོན་འབར་ཁམས་སོགས་ཀྱིས་གདན་དྲངས་པ་ལྟར་རེ་བའི་རྫིང་བུ་འགེངས་པར་མཛད” ཅེས་པ་སོགས་ཁོང་ཉིད་རྒྱལ་མོ་ཚ་བ་རོང་དུ་ཕེབས་དུས་ཞྭ་སེར་ཅོད་པན་འཆང་བའི་ལུགས་ལྟ་ཅི་སྨོས། ས་ཀར་རྙིང་གསུམ་ཇོ་ནང་བོན་དང་བཅས་པ་གྲུབ་མཐའ་རིས་མེད་ཀྱིས་དེ་འདྲའི་དད་གུས་ཐོབ་དོན་ནི། སྤྱིར་ཁོང་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཐབས་མཁས་ཐུགས་རྗེའི་འགྲོ་དོན་དུས་སུ་སྨིན་པར་ཡིན་ལ། ཁྱད་པར་དུ་ཁོང་གི་མཁས་བཙུན་བཟང་གསུམ་གྱི་རང་གཤིས་ལས་འཕྲོས་པའི་གཟི་བྱིན་དང་གྲུབ་མཐའ་རིས་མེད་ཀྱི་མ་སྨད་པའི་མཛད་སྤྱོད་ཀྱིས་དྲངས་པ་ཡིན་ཕྱིར། མཁས་པ་གཞན་དང་གཞན་གྱིས་བསྒྲུན་དུ་མེད་པའི་རླབས་ཆེ་བའི་རྣམ་ཐར་གྱི་སྙིང་པོ་འདི་ཀོ་གྲུབ་པར་ཡིན་ནོ། །

མདོར་ན། གུང་ཐང་བསྟན་པའི་སྒྲོན་མེ་ཚང་ནི་དགེ་ལྡན་ལུགས་ཀྱི་འགྲོ་དོན་ཧ་ཅང་རྒྱས་པའི་སྐུ་ཆེན་བླ་ཆེན་ཞིག་ཡིན་ཀྱང་། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱིས་གཙུག་ཏུ་བཀུར་བར་བྱས་དང་བྱེད་བཞིན་པའི་གསང་བ་ནི། ཁོང་གི་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་པའམ་གསུང་གི་མཛད་པ་རབ་ཏུ་རྒྱས་པའི་གཟི་བྱིན་གྱིས་ཡིན་ལ། གཞན་དུ་རང་རྣམ《བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་》ལས་ང་ཚོས་མྱོང་རོལ་བྱེད་ཐུབ་པའི་ཁོང་གི་བཙུན་པ་དང་བཟང་བའི་ཡོན་ཏན་གང་དེ། མཁས་པ་གཞན་དང་གཞན་ལ་བསྡུར་ན་འགྲན་པའི་ཟླ་དང་བྲལ་བའི་རྒྱུ་མཚན་གྱིས་ཀྱང་ཡིན་ངེས་སྙམ་མོ། །
图片
༼རྩོམ་པ་པོ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན།༽