ཀྲུའུ་ཁྲིན་ཆིང་གིས་སྐྱེ་ཁམས་ཁོར་སྲུང་བཅོས་སྐྱོང་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།
ཉེ་ཆར། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིང་སྔ་རྗེས་སུ་དཔལ་དགེ་གྲོང་རྡལ་གྱི་དཔལ་དགེ་ཆུ་བོའི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་ས་ཚིགས་དང་། དཔལ་དགེ་ཆུ་བོའི་ཡན་ལག་ཆུ་ཁུགས། ཚེ་ཐར་རྡོ་སོལ་ཐོན་ལས་གླིང་ཁུལ་སོགས་ཡུལ་དངོས་སུ་སྐྱོད་དེ་ཆུ་ལོག་སྔོན་འགོག་བཟོ་སྐྲུན་རྣམ་གྲངས་སྐུལ་སྤེལ་གནས་ཚུལ་དང་ཆུ་ལམ་བཅོས་སྐྱོང་། བཙོག་ཆུ་ཐག་གཅོད། གད་སྙིགས་གཙང་བཅོས་སོགས་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། རྫོང་ཞིང་ཕྱུགས་དང་སྡོད་ཁང་། ཚེ་ཐར་དོ་དམ་ཨུ་ལྷན། དཔལ་དགེ་གྲོང་རྡལ་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་ཕེབས་རོགས་མཛད།
དཔལ་དགེ་ཆུ་བོའི་ཆུ་ལོག་སྔོན་འགོག་ལས་གྲྭའི་ཡུལ་དངོས་སུ་ཀྲུའུ་ཁྲིན་ཆིང་གིས་རྣམ་གྲངས་འགན་ཁུར་བ་དང་ཁ་བརྡ་གཏིང་ཟབ་བྱས་ཤིང་། ནན་ཏན་སྒོས་འཆར་འགོད་ཇུས་གཞིར་གཟིགས་ཏེ་བཟོ་སྐྲུན་གྱི་མགྱོགས་ཚད་དང་ཆུ་ལམ་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་ཞིང་། ཆུ་ལམ་གྱི་སྔར་ཡོད་ས་གཤིས་རྣམ་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱི་ཡོངས་ནས་ཇུས་འགོག་དང་རྒྱུན་རིམ་ལྡན་པའི་སྐུལ་འདེད་བཏང་སྟེ། ཆུ་ལོག་སྔོན་འགོག་ལས་གྲྭའི་རྣམ་གྲངས་ཇུས་འགོད་ཇེ་ལེགས་སུ་གཏོང་དགོས་ལ། ཆུ་བེད་ལས་གྲྭའི་ཕྱོགས་བསྡུས་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་དགོས་པར་ནན་བཤད་གནང་ཞིང་། བཟོ་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་པར་རིས་འགེལ་བ། བཟོ་སྐྲུན་གྱི་སྤུས་ཚད་ཁག་ཐེག་བྱེད་པའི་ཆ་རྐྱེན་འོག གསར་གཏོད་ཀྱི་བྱེད་ཐབས་སྤྱད་དེ“བཟོ་སྐྲུན་གྱི་མྱུར་ཚད་དང་བཟོ་སྐྲུན་གྱི་རྒྱུ་སྤུས། བདེ་འཇགས་ཐོན་སྐྱེད”གསུམ་ལ་རྒྱལ་ཁ་ཐོབ་པའི་དམིགས་ཚད་མངོན་འགྱུར་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་དང་བདེ་འཇགས་རྐྱེན་ངན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ། སྤུས་ཚད་ཀྱི་འགག་སྒོ་བརྟན་སྲུང་བྱ་ཆེད། དོགས་ཟོན་བྱ་ཐབས་དང་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་རྣམ་གྲངས་དུས་ལྟར་འཛུགས་སྐྲུན་ལེགས་འགྲུབ་ཐུབ་རྒྱུའི་འགན་ལེན་བྱ་དགོས་ཚུལ་ནན་གྱིས་བསྟན།
དཔལ་དགེ་ཆུ་བོའི་ཆུ་རྒྱུད་དུ་ཆུ་བོ་དང་མཚེའུའི་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་གཟིགས་ཞིབ་གནང་ཞིང་། དེར་ལྷགས་པའི་གནད་དོན་ཡུལ་དངོས་ནས་ཐེར་འདོན་བྱས་པར་མ་ཟད། ལེགས་བཅོས་བྱེད་པའི་རེ་བ་བཏོན། ཆུའི་སྐྱེ་ཁམས་ནི་ཕྱི་སྣོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། གཞི་གྲངས་མང་བ་དང་ཁྱབ་རྒྱ་ཆེ་བས་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་སྔར་བཞིན་ཛ་དྲག་གི་གནས་སུ་ལྷགས་འདུག ཆུ་བོ་དང་མཚེའུའི་འགྲམ་རྒྱུད་ཀྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད།“གང་འདོད་དུ་བྱེད་པ་བཞི”གཙང་སེལ་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། སྒྲིག་འགལ་གྱིས་བཙོག་ཆུ་ཕྱིར་ཕུད་པ་དང་གད་སྙིགས་ཆུ་ནང་དུ་འཕེན་པ། ཆུ་རྒྱུད་དུ་བྱེ་མ་བརྐོ་བ་སོགས་ཆུ་རྒྱུད་ཀྱི་སྐྱེ་ཁམས་ཁོར་སྲུང་ལ་གནོད་སྐྱོན་གཏོང་བའི་རིགས་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ནས་དུས་ཐོག་ཏུ་བསྒྱུར་བཅོས་གཏོང་དགོས། ཆུ་བོ་དང་མཚེའུ་དཔོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་ཚོད་ལྟར་སྐོར་ཞིབ་ལ་ཤུགས་བསྣན་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་བཅོས་སྒྲིག་བྱ་རྒྱུའི་འགན་ལེན་བྱ་དགོས། ཆུ་ལམ་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ལམ་གྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས“ཆུ་བོ་དྭངས་ཤིང་མཚོ་མོ་མཛེས་པའི”སྐྱེ་ཁམས་ཀྱི་རྣམ་པ་བཟང་བོ་བསྐྲུན་དགོས་པ་ནན་གྱིས་བསྟན།
ཚེ་ཐར་རྡོ་སོལ་ཐོན་ལས་གླིང་ཁུལ་དུ་ཀྲུའུ་ཁྲིན་ཆིང་གིས་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་དང་གཏིང་ཟབ་པའི་ཁ་བརྡ་བྱས་ཤིང་། བཙོག་ཆུ་ཕྱིར་འཕུད་དང་གད་སྙིགས་ཐག་གཅོད་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་རྗེས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྐྱེ་ཁམས་ཁོར་སྲུང་ལས་དོན་དེ་གལ་འགངས་ཆེན་པོའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས་ཞན་ཆ་ཁ་གསབ་དང་གནད་དོན་འཚོལ་ཞིབ་ལ་ཤུགས་བསྣན་ཏེ་ཁོར་སྲུང་གནད་དོན་གྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་དོགས་ཟོན་ཆེར་བསྐྱེད་ཀྱིས་ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསད་དེ། ལས་འགན་རིམ་བཞིན་ལག་ལེན་དུ་བསྟར་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་དང་བཅོས་སྒྲིག་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཚུལ་ནན་གྱིས་བསྟན།