ཞིང་ལ་ལོ་ལེགས་སྨིན་ནས་དམངས་ཀྱི་འབྲུ་མཛོད་གཏམས།
发布时间:2023年12月11日 消息来源:

ཞིང་ལ་ལོ་ལེགས་སྨིན་ནས་དམངས་ཀྱི་འབྲུ་མཛོད་གཏམས།

རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བའི་མཐོང་ཐོས།


རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


ད་ལྟའི་དུས་ནི་སྟོན་བསྡུ་བའི་དུས་སྐབས་བཟང་པོར་ཁེལ་ཡོད་དེ། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བའི་གཟན་ཆས་འདེབས་འཛུགས་རྟེན་གཞིར་སོང་བ་ན། ཡུག་པོའི་སྐྱེ་སྟོབས་བཟང་ཞིང་སྔོ་ཡུག་ཡུག་ཏུ་སྣང་ལ། ནས་ཀྱི་འབྲུ་རྡོག་རེ་རེ་བཞིན་དུ་སྨིན་ཐག་ཆོད་ཡོད་པས་སྟོན་བསྡུ་རན་འདུག སྔོ་ཐིང་ཐིང་གི་ཕྱུགས་རྩྭ་དང་སེར་ལམ་ལམ་གྱི་ནས་འབྲུ་ཡིས་སྔོ་བསང་གི་ནམ་མཁའི་འོག་ཏུ་ཁ་དོག་སེར་ལྗང་མཉམ་དུ་འདྲེས་པའི་ཞིང་སྡེའི་མཛེས་ལྗོངས་ཤིག་གྲུབ་འདུག



གཡུར་ཟ་འབྲས་བུའི་བྲོ་བ། གདོང་གི་འཛུམ་ལས་མཐོང་ཡོང་།

ལོ་འདི་དག་གི་རིང་ལ་དགོན་གོང་མ་སྡེ་བས་ཁྲོམ་ར་ལས་པར་མ་ཟད། ད་དུང་གྲོང་རྡལ་དུ་སྣེ་ལེན་ཁང་དང་སྣུམ་འཚག་ཁང་ཡང་ཕྱེ་ཡོད་པ་དང་། དུས་མཚུངས་སུ་རྫོང་ཐོག་ཏུའང་མགྲོན་ཁང་གསུམ་དང་ཕྱོགས་བསྡུས་གྲོང་སྡེའི་ཁྲོམ་ར་ཆེན་མོ་ཞིག་ཀྱང་ལས་ཡོད། ན་ནིང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལ་སྒོར་ཁྲི1068ཡོད།

དགོན་གོང་མ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས། རྨོ་ཞིང་སྤྱི་ཆིང1487གང་ལེགས་ཀྱིས་སྤྱད་དེ། སྔ་རྗེས་སུ་མཉམ་ལས་ཁང་གི་གཞི་ཁྱོན་འདེབས་འཛུགས་དང་གྲོང་སྡེའི་ཁྲོམ་རའི་ཚོང་ཁང་གླ་བ། སྐེ་ཚེ་ལས་སྣོན་སོགས་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། 2022ལོར། སྐེ་ཚེ་འདེབས་པ་དང་སྐེ་ཚེ་ལས་སྣོན་བྱས་པ་བརྒྱུད་ཡོང་འབབ་སྒོར་ཁྲི320.9ལྷག་ཡོད་ལ། རྨོ་ཞིང་སྤྱི་ཆིང967ཕྱིར་གླས་པའི་ཡོང་འབབ་ལ་སྒོར་ཁྲི530ཡོད།


རྫོང་མཁར་དུ་ཡོད་པའི་དགོན་གོང་མ་སྡེ་བའི་ཞིང་ལས་ཉོ་ཚོང་ཁྲོམ་ར།

སྐེ་ཚེ་བཏབ་ནས་ཡོང་འབབ་བཟང་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། དགོན་གོང་མ་སྡེ་བས“ཀྲི་པུའུ+མཉམ་ལས་ཁང+རོང་འབྲོག་ཁྱིམ”གྱི་འཕེལ་རྒྱས་རྣམ་པ་སྤྱད་དེ་སྡེ་མི་རྣམས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས། སྡེ་བའི་ནང་གི་མི47གྱི་ལས་ཞུགས་གནད་དོན་ཐག་བཅད། 2022ལོར། གླ་ཕོགས་སྒོར་ཁྲི65ཡི་འགྲོ་གྲོན་བཏང་ཞིང་། སྡེ་མི་རྣམས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར1500ཡིས་མཐོ་རུ་སོང་། དུས་མཚུངས་སུ། དཔྱིད་རྨོ་དང་སྟོན་བསྡུའི་དུས་སྐབས་སུ། སྡེ་བའི་ནང་གི་སྡེ་མི་རྣམས་ལ་ཆུ་གཏོང་བ་དང་ལུད་འཇོག་པ། སྨན་རྒྱག་པ་སོགས་བྱ་བ་ལས་སུ་བཅུག་སྟེ། ཐབས་ལམ་སྣ་མང་སྤྱད་ནས་སྡེ་མི་རྣམས་ཀྱི་ཡོང་འབབ་ཇེ་མཐོར་བཏང་།

“ཉིན་འགའ་འགོར་རྗེས་ང་ཚོའི་སྐེ་ཚེ་འབྲེག་རན་སོང་། སྐེ་ཚེའི་སྣུམ་བཙགས་ན་ད་དུང་སྒོར་མོ་བཙལ་ཐུབ་པས། ང་ཚོས་ལོ་རེར་སྐེ་ཚེ་མང་པོ་འདེབས་བཞིན་ཡོད། དེར་མ་ཟད་ངའི་བུ་ཆུང་བ་དང་ཨ་མ་གཉིས་ཀྱིས་ཀྱང་ལོ་རེར་སྒོར2000ལྷག་གི་ཁེ་སྤོགས་རེག་གིན་ཡོད་པས། ང་ཚོའི་འཚོ་བ་ཇེ་བཟང་ཇེ་ལེགས་རེད”ཅེས་དགོན་གོང་མ་སྡེ་བའི་སྡེ་མི་ཉི་མ་དཔལ་ལྡན་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།



འབྲེག་རན་པའི་ཡུག་པོ།

དགོན་གོང་མ་སྡེ་བའི་རྣམ་པ་རྙིང་བ་གསར་དུ་བསྒྱུར་ཡོད་ལ། སྡེ་བའི་དབུལ་ཁྱིམ་རེ་རེ་སྔོན་ཆད་ཀྱི་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད། ཉི་མ་དཔལ་ལྡན་ལྟ་བུའི“ཕྱུགས་རྫི”ནས“སྣུམ་འཚོང་མཁན”དུ་གྱུར་པའི་འབྲོག་པ་གསར་པ་ཡང་མང་པོ་བྱུང་ཡོད།

“ན་ནིང་ནས་བཟུང་ཞིང་ས་འཁོར་རྒྱུག་གཅིག་བསྡུས་འདེབས་འཛུགས་ཀྱི་རྣམ་པ་གསར་པ་ལག་བསྟར་བྱས་པས་ཐོན་སྐྱེད་ལས་ཆོད་མཐོར་འདེགས་བྱུང་བ་དང་། སྡེ་བའི་ཐུན་མོང་དང་མཉམ་ལས་ཁང་གིས་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་རྨོ་བ་དང་འདེབས་པ། དོ་དམ། བསྡུ་བ། འཚོང་བ་སོགས་བརྒྱུད་རིམ་ཡོད་ཚད་ལ་འགན་འཁུར་བཞིན་ཡོད་ལ། སྡེ་མི་རྣམས་ཀྱིས་གནས་ཚུལ་ལ་གཞིགས་ཏེ་ཁེ་སྤོགས་ངེས་ཅན་རེ་རེག་ཐུབ་ཀྱིན་ཡོད། 2022ལོར་ཞིང་ས་འཁོར་རྒྱུག་ལ་ཞུགས་པའི་ཁྱིམ་ཚང་སོ་སོའི་ཁོངས་མི་རེར་ཁེ་སྤོགས་སྒོར3000ལྷག་རེ་བགོས་པ་དང་། ཐུན་མོང་གིས་ཡོང་འབབ་ལེན་པ་དང་སྡེ་མིའི་ཡོང་འབབ་འཕར་བའི་ཟུང་རྒྱལ་དམིགས་འབེན་ནུས་ལྡན་སྒོས་མངོན་འགྱུར་བྱུང”ཞེས་དགོན་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་གྱིས་དེ་ལྟར་བཤད།

རྗེས་ཕྱོགས། དགོན་གོང་མ་སྡེ་བས་ཞིང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དུ་བདག་གཉེར་བྱེད་པ་དེ་འགག་གནད་དུ་བརྩིས་ཏེ། ད་ཡོད་ཀྱི་རྨོ་ཞིང་བེད་སྤྱད་ནས་ཡུག་པོ་འདེབས་པ་དང་། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ། གཟན་རྩྭ་གྲ་སྒྲིག་དང་ལས་སྣོན་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་རྡང་ཆགས་པར་བྱས་ནས། གཟན་རྩྭའི་སྤུས་ཀ་ཇེ་ལེགས་དང་ཕན་འབྲས་གོང་འཕེལ་དུ་འགྲོ་བར་སྐུལ་སྤེལ་བྱས་ཏེ། རྩྭ་ཕྱུགས་འབྲེལ་མཐུད་དང་རྩྭ་ཕྱུགས་དོ་མཉམ། སྐྱེ་ཁམས་འཁོར་རྒྱུག་འཕེལ་རྒྱས་ཡོང་བ་བཅས་མངོན་འགྱུར་བྱས་ཐོག གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་ལམ་དུ་ལེའུ་གསར་པ་འབྲི་རྒྱུ་རེད། །