མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ།    
发布时间:2023年12月25日 消息来源:

               མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ།                      
      ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ནི་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་བླ་མེད་འོག མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་གཉེར་སྐྱོང་བྱས་པའི་སྲིད་གཞུང་རང་བཞིན་གྱི་བོད་ཡིག་དྲ་ཚིགས་ཤིག་ཡིན་ཞིང་། 2022ལོའི་ཟླ12པའི་ཚེས22ཉིན་དངོས་སུ་ཤར་གཏོང་བྱས། གཙོ་བོ་སྲིད་དོན་སྤྱི་སྒྲོག་གཙོ་བྱས་པའི་སྲིད་གཞུང་ཡིག་ཆ་དང་། རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་གལ་ཆེན། སྒོས་སུ་མཚོ་བྱང་གི་སྲིད་དོན་ཆ་འཕྲིན། དམངས་ཀྱི་འཚོ་བ་དང་འབྲེལ་བའི་རིག་གནས་དང་བརྡ་འཕྲིན་སོགས་ཉིན་རེར་དྲ་ཚིགས་སུ་སྤེལ་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་སྲིད་གཞུང་གི་ཆ་འཕྲིན་རྒྱུས་ལོན་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།  དེ་ནི་མཚོ་བྱང་གིས་ཕྱི་ཕྱོགས་སུ་ལྟ་བ་དང་། ཕྱི་ཕྱོགས་ཀྱིས་མཚོ་བྱང་ལ་དོ་སྣང་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་ཏུ་ཆགས་ཡོད་པར་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བོད་ཡིག་གི་ལམ་ནས་སྲིད་དོན་ལ་རྒྱུས་ལོན་བྱེད་པ་དང་། སྲིད་ཞུགས་སྲིད་གླེང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་འགོར་བའི་རིང་འདིར་དྲ་ཚིགས་སུ་ཁྱོན་སྡོམ་ཆ་འཕྲིན1410སྤེལ་བ་དང་། ཆ་འཕྲིན་རེའི་ཆ་སྙོམ་ཀློག་གྲངས་ཆིག་སྟོང་ཡན་ཡིན་ཞིང་། སྤྱིའི་ཀློག་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལྷག་ལ་སླེབས་ཡོད། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་དྲ་ཚིགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། བདེན་མྱུར་དྲང་གསུམ་གྱི་རྩ་དོན་ལྟར་གསར་འགྱུར་གལ་ཆེན་དང་སྲིད་དོན་ཆ་འཕྲིན་སྒྲོག་སྤེལ་བྱས་པས། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཁྱད་པར་དུ་གསར་དུ་བཏོན་ཞིང་ཉིན་རེ་བཞིན་སྤེལ་བཞིན་པའི་ཞོགས་པའི་ཇ་ཡུན་གསར་འགྱུར་གྱི་ལེ་ཚན་ནི་རྒྱལ་ཡོངས་ཀྱི་དྲ་བ་ཡོངས་ལས་བོད་ཡིག་གི་ཞོགས་པའི་གསར་འགྱུར་ཆེས་སྔ་བར་གྱུར་ཡོད་ཅིང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཟ་ཞོར་འཐུང་ཞོར་གྱི་བར་གླགས་ནས་གསར་འགྱུར་ལ་རྒྱུས་ལོན་བྱེད་པའི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར་ཡོད།

འབྱུང་འགྱུར་ཡང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རང་ནུས་གང་ལྕོགས་སྒོས་ཀུན་སློང་གཙང་མས་དྲ་བ་འདི་ཇེ་ལེགས་ཇེ་བཟང་དུ་གཏོང་བར་འབད་རྒྱུ་ཡིན་པ་དང་། ནང་དོན་ཇེ་ལེགས་དང་། སྤུས་ཚད་ཇེ་ལེགས། དྲ་ངོས་ཇེ་ལེགས་བཅས་ཇེ་ལེགས་གསུམ་གྱི་བྱ་བའི་བླང་བྱ་ཡིད་ལ་བརྟན་པོར་བཅངས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དགོས་གལ་ཆེ་བའི་རིག་གནས་དང་སྲིད་དོན་ཆ་འཕྲིན་མཁོ་འདོན་བྱས་ཏེ། ཆ་འཕྲིན་བརྒྱུད་སྒྲོག་བྱེད་མཁན་དང་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་རེ་འདུན་སྒྲུབ་མཁན་གྱི་འགན་འཁྲི་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད།