རྐང་ཚ་རྫོང་གིས་གཞོང་ཐང་རྫོང་གི་ས་ཡོམ་གནོད་ཁུལ་ལ་རོགས་སྐྱོར་བྱས།
རྐང་ཚ་རྫོང་གིས་གཞོང་ཐང་རྫོང་གི་ས་ཡོམ་གནོད་ཁུལ་ལ་རོགས་སྐྱོར་བྱས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59སྟེང་།ཀན་སུའུ་ཞིང་ཆེན་ལེན་ཞ་ཁུལ་ཆུ་མ་མཁར་རྫོང་དུ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་བ་དང་རང་ཞིང་གི་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་ཀྲུང་ཁྲོན་ཤང་དུ་གནོད་འཚེ་ཚབས་ཆེན་ཕོག་པས་རྐང་ཚའི་མི་དམངས་ལ་སེམས་འགུལ་ཚད་མེད་ཐེབས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་སྒོར་ཁྲི50ཡི་སྐམས་ལུག་ཤ་དང་ཕྱེ་འབྲས་སྣུམ།སྟབས་བདེའི་ཐུག་པ་སོགས་འཚོ་བའི་དངོས་ཟོང་དང་རས་གུར་སོགས་གེགས་སེལ་དངོས་ཟོང་གྲབས་གསོག་བྱས་པ་མ་ཟད།ཚེས19ཉིན་གྱི་དགོང་མོར་བསྡུ་གསོག་བརྒྱབ་རྗེས་མཚན་མཐུད་ནས་གཞོང་ཐང་རྫོང་ཀྲུང་ཁྲོན་ཤང་ས་ཡོམ་གནོད་ཁུལ་དུ་བསྐྱོད་དེ་རོགས་སྐྱོར་བྱས།
མཚན་མོ་གཅིག་རིང་གི་མྱུར་སྐྱོད་བརྒྱུད་ནས་གེགས་སེལ་དངོས་ཟོང་རླངས་འཁོར་རུ་ཁག་དེ་ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་བདེ་འཇགས་ངང་གཞོང་ཐང་རྫོང་ཀྲུང་ཁྲོན་ཤང་དུ་ཐོན་ཞིང་།ས་གནས་དེ་གའི་ལས་སྒྲུབ་མི་སྣ་དང་སྟབས་བདེའི་ངང་རྩིས་སྤྲོད་བྱས་རྗེས།དེ་གར་གེགས་སེལ་དངོས་ཟོང་ཐོ་འགོད་དང་བགོས་སྟེར་ལས་དོན་ཡག་པོ་བསྒྲུབ་པར་གཞོགས་འདེགས་བྱས་ཏེ།རོགས་སྐྱོབ་དངོས་ཟོང་མགྱོགས་མྱུར་གྱི་སྒོ་ནས་གནོད་ཁུལ་གྱི་མང་ཚོགས་ལ་སྐྱེལ་ཐུབ་པར་འགན་ལེན་བྱས།
སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཆེན་པོ་འོག་ཏུ།གཞོང་ཐང་རྫོང་གི་དམངས་སེམས་གཅིག་ཏུ་མཐུན་ནས་དཀའ་ཁག་ལས་སྒྲོལ་ཏེ་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད། རྐང་ཚ་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་གནོད་ཁུལ་གྱི་རོགས་སྐྱོབ་འཕེལ་རིམ་ལ་དོ་ཁུར་བྱེད་པ་མ་ཟད།གནོད་ཁུལ་གྱི་དགོས་མཁོ་དང་རྐང་ཚའི་ནུས་པ་གཞིར་བཟུང་ནས་དུས་ལྟར་རོགས་སྐྱོར་གྱི་གྲ་སྒྲིག་ཡག་པོ་བྱས་ཏེ།རྐང་ཚ་ཡི་མི་དམངས་དང་གནོད་ཁུལ་གྱི་མང་ཚོགས་དབར་བློ་སེམས་གཅིག་མཐུན་དང་དཀའ་ངལ་ཁྱད་བསད་ཀྱིས་གནོད་ཁུལ་མི་དམངས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སྔ་ཙམ་སླར་གསོ་ཡོང་བར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ།