རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྒྱུར་གོང་འཕེལ་ཐད་གོམ་སྟབས་བརྟན་པོ་སྤོས་པ།
“བོད་གཡང་རྐང་ཚའི”ཆས་རྟགས་ཀྱི་སྙན་པ་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་ནས་རོང་འབྲོག་པའི་ཡོང་སྒོ་འཕར་བ་དང་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་པ། རོང་འབྲོག་ཁུལ་དར་སྤེལ་བཅས་ལ་སྐུལ་འདེད་གཏོང་ཆེད། རྐང་ཚ་རྫོང་གིས་བསྟུད་མར་ལོ་གཉིས་རིང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་མཚོ་སྔོན་པོའི་རྩྭ་ཐང་གི་དགུན་ཤའི་དུས་ཆེན་འཚོགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས། དེའི་དམིགས་ཡུལ་ནི་སྲིད་གཞུང་གིས་གར་སྟེགས་བསྐྲུན་པ་དང་ཁེ་ལས་ཀྱིས་བརྩོན་ལེན་བྱེད་པ་བརྒྱུད། རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཆེས་ཡག་ཤོས་དག་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་ཐོན་རྫས་འཛད་སྤྱོད་པར་འོས་སྦྱོར་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་བཏང་།
མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་སྟོབས་ཆེར་གཏོང་ཆེད། རྐང་ཚ་རྫོང་གིས་རྫོང་ཁོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“མ་འཇོག་གཉེར་སྐྱོང་དང་མ་དངུལ་མཉམ་བསྡུའི་གཉེར་སྐྱོང་། ཞིང་ཕྱུགས་ལས་འཕེལ་རྒྱས་དང་ཚོང་དོན་གཉེར་སྐྱོང”བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་གཉེར་ཁང་བཙུགས་ཏེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཁྱད་ལྡན་ཐོན་རྫས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་གྱུར་འཆར་འགོད་བྱས་ནས་ད་ཡོད་ཀྱི་གཞུང་ཁོངས་ཐོན་ཁུངས་རྒྱུ་ནོར་བེད་སྤྱོད་གང་ལེགས་བྱས་ནས་གཟན་རྩྭ་ཞིབ་བཟོ་ཉོ་ཚོང་དང་བོད་ལུག་དང་ནོར་གནག་ཐོན་ལས་འཕེལ་རྒྱས། ཕྱུགས་རིགས་ཉོ་ཚོང་དང་འཁྱག་བསྒྲིལ་ཟོག་འགྲེམས་སྡེབ་སྐྱེལ་སོགས་ཐོན་ལས་སྦྲེལ་ཐག་ཆ་ཚང་ཆགས་པར་བྱས་ནས་ཞིང་ཕྱུགས་ལས་མ་འཇོག་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ལ། གཞུང་ཁོངས་ཞིང་ཕྱུགས་ཁེ་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་གསར་གཏོད་བྱེད་སྟངས་བཙུགས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་ཞིང་ཕྱུགས་ལས་འཕེལ་རྒྱས། རོང་འབྲོག་ཁུལ་བརྟན་ལྷིང་བཅས་ཡོང་རྒྱུར་སྐུལ་འདེད་བཏང་།
བོད་ལུག་དང་ནོར་གནག་སོགས་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་ལ་དམིགས་ཏེ་ཞིང་ཕྱུགས་ལས་ལེགས་བསྡུས་ཅན་དང་ཐོན་ལས་ཅན། སྐྱེ་ཁམས་ཅན། རིག་ལྡན་ཅན། ཆས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཞིང་ཕྱུགས་ཐོན་ལས་དེ་ཁྱིམ་ཚང་ནས་གསོ་སྤེལ་བྱེད་པ་ནས་གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་བྱེད་པའི་ཕྱོགས་ལ་བསྒྱུར་བ་དང་། རྒྱུ་ཆ་ཕྱིར་གཏོང་བྱེད་པ་ནས་ཐོན་རྫས་ཕྱིར་གཏོང་བྱེད་པའི་ཕྱོགས་སུ་བསྒྱུར་བ། ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་རང་བཞིན་གྱི་འཛད་སྤྱོད་ནས་ཞིང་ཆེན་ཕྱིའི་ཁྲོམ་རའི་འཛད་སྤྱོད་བྱེད་པའི་ཕྱོགས་སུ་བསྒྱུར་ལ། ཕྱོགས་སོ་སོའི་འབད་བརྩོན་འོག་རྐང་ཚའི་སྐམ་ལུག་ཤ་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ནས་ཁྲོམ་རའི་དྲ་རྒྱའི་མ་ལག་བཙུགས་པས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།