རྐང་ཚ་རྫོང་གིས་ཐབས་ལམ་ཁག18སྤྱད་དེ་སྲོལ་རྒྱུན་བཟོ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྐང་ཚ་རྫོང་གིས་ཐབས་ལམ་ཁག18སྤྱད་དེ་སྲོལ་རྒྱུན་བཟོ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མི་རིགས་རིག་གནས་སྲུང་སྐྱོང་དང་དར་སྤེལ། ཕུན་སུམ་ཚོགས་པར་གཏོང་བ་དང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་ཡག་པོ་ཞུ་བར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་བྱ་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཞིང་ཆེན་དང་ཁུལ་ཏང་ཨུ་དང་། སྲིད་གཞུང་གི་མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་བླང་བྱ་གཞིར་བཟུང་ཞིང་། རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་སྤུན་ཟླའི་རྫོང་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་དུ། 《རྐང་ཚ་རྫོང་གི་མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག18(ཚོད་ལྟའི་ལག་བསྟར)》(གཤམ་དུ《ཐབས་ལམ》ཞེས་བསྡུས་རྒྱུ)གཏན་འབེབས་བྱས་པ་ཡིན།
《ཐབས་ལམ》ནང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཆེད་སྤྱོད་མ་དངུལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ། རིག་གནས་གནས་སྐོར་འཕེལ་རྒྱས་གཏོང་བའི་ཐེབས་རྩ་བཅས་ཀྱི་སྒོར་ཁྲི350སྡེབ་སྒྲིག་བྱས་ནས་འགན་སྲུང་བྱས་ཤིང་། འཇོན་མི་སྐྱེད་སྲིང་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་པའི་བྱེ་བྲག་གི་བྱ་ཐབས་ཁག18གཏན་འབེབས་བྱས་ཤིང་། སྲོལ་རྒྱུན་གྱི་བཟོ་རྩལ་ལ་གསར་གཏོད་འཕོ་འགྱུར་གཏོང་བ་དང་། གསར་གཏོད་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་དང་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། དེ་ཡིས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་འགུལ་ནུས་གསར་པ་བསྣན་ཡོད།
རྗེས་ཕྱོགས། རྐང་ཚ་རྫོང་གིས“སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པའི”རྩ་དོན་སྔར་ལས་རྒྱུན་འཁྱོངས་བྱས་ཏེ། 《ཐབས་ལམ》བཏོན་པ་གོ་སྐབས་སུ་བརྩིས་ནས་མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་རྩལ་ཐོན་ཁུངས་ཐོན་ལས་ཅན་གྱི་ཞིབ་འཇུག་གསར་སྤེལ་ལས་སྟེགས་དང་ལག་ལེན་ལས་སྟེགས། གཞན་སྒྱུར་ལས་སྟེགས་བཅས་མགྱོགས་པོར་བསྐྲུན་ཏེ། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་རྩལ་ཁྲོམ་ར་ཅན་དང་གཞི་ཁྱོན་ཅན། ཐོན་རྫས་ཅན། རྒྱུན་འཛིན་ཅན་བཅས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས། སྲོལ་རྒྱུན་གྱི་བཟོ་རྩལ་དེ་དེང་རབས་ཀྱི་འཚོ་བར་འདྲེས་པ་དང་ཁྲོམ་རར་ཞུགས་ཐུབ་པར་འབད་པ་བྱ་རྒྱུ་རེད།