རྐང་ཚ་རྫོང་བོད་ལུག་རྟེན་གཞིའི་ཕྱུགས་ལས་ཀྱི་འཕེལ་ཁ་རྒྱས།
发布时间:2024年03月15日
消息来源:
མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་བོད་ལུག་ཁྲི་ཡི་རྟེན་གཞི་འཛུགས་སྐྲུན་ཁྲིད་ཕྱོགས་སུ་བཟུང་ནས་ཕྱུགས་ལས"ཅན་ལྔའི"འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2023ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོས"ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན"ལ་དམ་པོར་དམིགས་ནས་རྫོང་ཡོངས་ཀྱི་ཕྱུགས་ལས"ཅན་ལྔའི"འཕེལ་རྒྱས་མགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི"གཅིག་ཅན་ལྔའི"ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གཞི་རྟེན་དུ་བཟུང་ནས"དཀྱིལ་སྙིང1ཆུས6སྡེ་ཚན20"ཡི་དཔེ་དབྱིབས་གཞིར་བཟུང་བ་དང་། གཅིག་གྱུར་དྲུག་གི་ཐོན་སྐྱེད་དོ་དམ་བྱེད་སྟངས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག་ལུ་གུ་མང་རྩེབ་བོད་ལུག་དང་བོད་ལུག་ལོ་གཉིས་ལ་ལུ་གུ་གསུམ་རྩེབ་པ། ཁྲོམ་ལུག་འདེམས་གསོ་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་ལག་སྐྱེད་སྲིང་བྱས་ཏེ་རྐང་ཚ་མཚོ་སྔོན་པོའི་བོད་ལུག་གི་ཆས་རྟགས་གཏོད་རྒྱུར་རྒྱུན་ཆད་མེད་པར་གཞོལ་ཡོད།
ལེགས་བསྡུས་ཞིབ་གཉེར་ཅན་དང་ཐོན་ལས་ཅན་གྱི་གཞི་ཁྱོན་ཆེས་ཆེར་འཕར་ཡོད། ལྟེ་བའི་རྟེན་གཞིས་ས་ཞིང་མུའུ3000གཅིག་སྡུད་ཐོག་བེད་སྤྱོད་བྱས་པ་དང་རྩྭ་ར་མུའུ12070བསྡུ་སྒྲིལ(མ་རྐང་ནང་ཞུགས་པ)བྱས་པ་དང་། ཕྱུགས་རིགས500ལྷག་ཙམ་མ་རྐང་ནང་ཞུགས་ནས་ཞིང་པར་འབྲེལ་གཏུགས་བྱས་ཏེ་ཞིང་བའི་ཡོང་སྒོ་འཕར་བའི་ཁྱིམ་ཚང106། ངལ་རྩོལ་ནུས་ཤུགས་མི7བསྡུས་པ་དང་ཆུས6ཀྱིས་ཁྱོན་བསྡོམས་མུའུ་ཁྲི3.7བསྡུ་སྒྲིལ་བྱས་ནས་ཞིང་པར་འབྲེལ་གཏུགས་བྱས་ཏེ་ཞིང་བའི་ཡོང་སྒོ་འཕར་བའི་ཁྱིམ་ཚང58། ངལ་རྩོལ་ནུས་ཤུགས་མི51བསྡུ་ལེན་བྱས། 2023ལོར་རྟེན་གཞིས་བོད་ལུག་12800བཙོངས་ནས་སྡེ་བའི་ཐུན་མོང་ཡོང་སྒོ་སྒོར་ཁྲི28.18བྱུང་བ་དང་། ལྟེ་བའི་ཁྱིམ་ཚང20ལ་ཁེ་སྤོགས་ཁྱོན་སྒོར་ཁྲི7.8བགོས།
སྐྱེ་ཁམས་ཅན་དང་བློ་གྲོས་ཅན་གྱི་གྲུབ་འབྲས་མངོན་པར་བྱས་ཡོད། རྟེན་གཞི་དེར་ཁྱོན་ལུ་གུ་མང་རྩེབ་མ་མོ200བཏང་བ་དང་ལོ་གཉིས་ནང་ལུ་གུ་གསུམ་རྩེབ་པའི་མ་མོ200བཏང་བ་དང་། ཁྲོམ་ལུག53བཏང་ཞིང་ཁྲོམ་ལུག50བདམས་ནས་གསོ་སྤེལ་བྱས་ཏེ་གཟན་རྩྭ་ཕྱེད་ཀ་སྤྲོད་སྟངས་ལག་བསྟར་བྱས་པ་དང་ཁྱོན་ཡོངས་ལ་ལྟ་སྐུལ་ཚོད་འཛིན་མ་ལག་བཙུགས་པས་གསོ་ཚགས་པ་ཕྱི་རུ་འགྲོ་མི་དགོས་པར་གཟན་ཆས་སྟེར་བ་དང་ལུ་གུ་རྩེབ་པ། ནུ་མ་སྣུན་པ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་རྒྱུས་ལོན་ཐུབ་སྟེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་བོད་ལུག་གི་སྤུས་ཚད་ཀྱང་འགན་ལེན་ཐུབ་ཡོད།ཆས་རྟགས་ཅན་གྱི་ཕན་འབྲས་ཐོག་མར་མངོན་ཡོད། ཐོན་ལས་སྦྲེལ་ཐག་སྔར་བས་སྣུར་སྲིང་བྱ་ཆེད་རྟེན་གཞིས་ནོར་ལུག་ཤ་དང་དེའི་ཐོན་རྫས་ཕྱིར་ཚོང་བྱ་ཡུལ1འཕེལ་རྒྱས་བཏང་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི176བྱུང་ཡོད། མཚོ་སྔོན་པོའི་བོད་ལུག་དང་ནོར་ཤ་ཐོན་རྫས་ཉམས་ལེན་ཚོང་ཁང3བཏོན་ནས་རྒྱ་ཁོག་དང་རྒྱ་ཟས། ཞོར་ཟས་སོགས་བཟའ་བཏུང་ལས་རིགས་སོ་སོར་ཁྱབ་གདལ་བཏང་ཡོད། ཕྱུགས་རིགས་གསོན་པོའི་ཉོ་ཚོང་ཁྲོམ་ར1བཙུགས་པ་དང་2023ལོར་ཁྱོན་བོད་ལུག་ཁྲི4ལྷག་ཙམ་གཅིག་སྡུད་ཐོག་བཙོང་ནས་མཐའ་འཁོར་མང་ཚོགས་ལ་ཐད་ཀར་ཡོང་སྒོ་སྒོར་ཁྲི48ལྷག་ཙམ་འཕར་བ་དང་མཉམ་ལས་ཁང་ལ་ཡོང་སྒོ་སྒོར་ཁྲི10འཕར་ཡོད།
མིག་སྔར་གཉའ་གོང་མ་སྡེ་བའི་བོད་ལུག་ཁྲི་ཡི་གསོ་སྤེལ་རྟེན་གཞི་དེ་རྐང་ཚ་རྫོང་དང་ཐ་ན་མཐའ་འཁོར་ས་ཁུལ་གྱི་འཕེལ་རྒྱས་འགྲོ་ཤུགས་ཆེ་ཤོས་དང་ཚན་རྩལ་འདུས་ཚད་མཐོ་ཤོས། ཞིང་པར་འབྲེལ་གཏུགས་བྱས་ཏེ་ཞིང་བའི་ཡོང་སྒོ་འཕར་བ་བྱེད་པའི་ཁེབས་རྒྱ་ཆེ་ཤོས། བསྐྱར་འགྱུར་ཐོན་ལས་མང་ཤོས་བཅས་ཀྱི་དཔེ་སྟོན་ཕྱུགས་རའི་གྲས་ཤིག་ཏུ་གྱུར་ཡོད།