མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུ་ཡིས་བཏང་བའི་བརྡ་ཐོ།
发布时间:2024年03月25日 消息来源:

   རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 
   ཕྱི་རོལ་སྤྲོ་སྐྱིད་ཁང་དང་། ཡུལ་སྐོར་ལས་དོན་ཁང་། པར་རྒྱག་ཚོགས་པ། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ། 
ད་ནི་མཚོ་སྔོན་པོའི་དར་ཁ་ཕྱེས་བའི་དུས་ལ་སླེབས་ཡོད་པས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ། ཡུལ་སྐོར་བའི་མི་ལུས་བདེ་འཇགས་ལ་འགན་ལེན་བཅས་བྱ་ཆེད། མཚོ་སྔོན་པོའི་དར་ངོས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པའི་འབྲེལ་ཡོད་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་མཚོ་སྔོན་པོའི་དར་ཁ་འབྱེད་རིན་ལ་སླེབས་ཡོད་པས། དར་ངོས་ཀྱི་གས་སྲུབ་ཆེ་རུ་ཕྱིན་ཡོད་པས་ཉེན་ཁ་ཤིན་ཏུ་ཆེ། ལྷག་པར་དུ་རླངས་འཁོར་དང་མི་དར་ཐོག་ཏུ་སྐྱོད་པ་དང་། དར་ངོས་སུ་རླངས་འཁོར་སྐོར་བ་ལ་སོགས་བདེ་འཇགས་མིན་པའི་བྱ་སྤྱོད་གཏན་འགོག་བྱས་ནས་རང་ངོས་བདེ་འཇགས་ཀྱི“འགན་འཁྲི་བ་དང་པོ”འཛིན་དགོས། མཚོ་སྐོར་མཛེས་ལྗོངས་ཁུལ་སོ་སོས་དར་ངོས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས་ཡུལ་སྐོར་བ་དར་ཐོག་ཏུ་སྐྱོད་པའི་བྱེད་སྒོ་དུས་ཐོག་ཏུ་བཀག་སྡོམ་བྱས་ཏེ་བདེ་འཇགས་དོན་རྐྱེན་འབྱུང་བར་སྔ་མོ་ནས་འགོག་ཟོན་བྱེད་དགོས།
གཉིས། མཚོ་སྙིང་དང་འདྲེ་མོ་བྲག་དཀར་ནི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་ཡིན་པས་ཕྱི་རོལ་གྱི་ཚོགས་པ་དང་མི་སྒེར་གྱི་རྩ་འཛུགས་གང་རུང་གིས་མཚོ་སྙིང་དང་འདྲེ་མོ་བྲག་དཀར་དུ་ཡུལ་སྐོར་བྱེད་སྒོ་སྤེལ་བ་གཏན་འགོག་བྱེད་དགོས། 
གསུམ། རི་སྐྱེས་སྲོག་ཆགས་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། པར་རྒྱག་ལ་དགའ་མཁན་དང་ཡུལ་སྐོར་བ་ཚོས་རང་དགར་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་བསྐྱོད་ནས་པར་རྒྱག་ལྟ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག མི་མེད་གནམ་གྲུས་གནས་སྤོའི་བྱ་རིགས་ལ་འདྲོག་སློང་མི་རུང་བ་དང་ཐག་ཉེ་ས་ནས་ཁྲུང་ཁྲུང་སྐེ་ནག་དང་། ངང་དཀར་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་པར་ལེན་བྱེད་མི་ཆོག་པ་རེད།
བཞི། རྒྱ་ཆེའི་ཡུལ་སྐོར་བས་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། རྐང་ཐང་དང་། སྒར་སྡོད། ལྟ་སྐོར་སོགས་ཀྱི་ཡུལ་སྐོར་བྱེད་སྒོ་སྤེལ་སྐབས། མེ་དགྲར་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་རྩྭ་ཐང་དུ་མེ་སྐྱོན་འབྱུང་བར་ནན་འགོག་བྱེད་དགོས།
མིག་སྔར། མཚོ་སྔོན་པོས་འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་བཞིན་ཡོད་ལ། “རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོའི”མིང་བྱང་སྲུང་སྐྱོབ་ཡག་པོ་བྱ་ཆེད། སྤྱི་ཚོགས་ལས་རིགས་སོ་སོས“ང་ནི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན”ཞེས་པའི་ལས་འགུལ་ནང་ཞུགས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་ལ་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐད་བཏང་།


མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ། 

2024ལོའི་ཟླ3པའི་ཚེས21ཉིན།