མི་གང་དག་གིས་ཤུལ་འཛིན་གྱི་དབང་ཆ་ལོངས་སུ་སྤྱད་ཆོག་གམ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
གྱོད་དཔེ།
ཚེ་རིང(ཕོ)ནི་ལྷ་བྱམས་ཀྱི་བུ་ཆུང་བ་དང་མཚོ་སྒྲོན(མོ)གྱི་ཁྱོ་ག་ཡིན། ཉིན་ཞིག་རྡོ་སོལ་གཏེར་ཁུངས་སུ་ལས་ཀ་བྱེད་སྐབས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། རྗེས་སུ་བརྟག་དཔྱད་བྱས་པ་བརྒྱུད། ཚེ་རིང་དང་མཚོ་སྒྲོན་གཉིས་གཉེན་བསྒྲིགས་རྗེས་བུ་མོ་གཡུ་སྒྲོན་སྐྱེས་ཡོད་ལ། མཚོ་སྒྲོན་དང་ཁྱོ་ག་སྔོན་མའི་བར་ལ་བུ་ཞིག་སྐྱེས་ཡོད་པ་དེའི་མིང་ལ་རྡོ་རྗེ་ཟེར། མཚོ་སྒྲོན་དང་ཚེ་རིང་གཉིས་ཀ་གཉེན་བསྒྲིགས་རྗེས། རྡོ་རྗེ་ཁོ་གཉིས་དང་འགྲོགས་ཏེ་མ་བསྡད་པར་ཨ་མྱེས་དང་མཉམ་དུ་འཚོ་བ་རོལ་བ་རེད། གྱོད་དོན་འདིའི་ནང་དུ། ཚེ་རིང་གི་ཤུལ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་སུ་ལ་ཡོད་དམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདི་ནི་གཙོ་བོ་ཁྲིམས་བཀོད་ཤུལ་འཛིན་པའི་ཁྱབ་ཁོངས་ཀྱི་གནད་དོན་དང་འབྲེལ་ཡོད་དེ། གྱོད་དོན་འདིའི་ནང་གི་འདས་པོ་ཚེ་རིང་གིས་ཁ་ཆེམས་བཞག་མེད་པའི་དབང་གིས། ཁྲིམས་བཀོད་ཤུལ་འཛིན་གྱི་བྱེད་ཐབས་སྤྱོད་འོས། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། བཟའ་ཟླ་དང་བུ་ཕྲུག(གསོ་སྐྱོང་གི་འབྲེལ་བ་ཡོད་པའི་སྔ་ཚར)དང་། ཕ་མ་བཅས་ཁྲིམས་བཀོད་ཀྱི་གོ་རིམ་དང་པོའི་ཤུལ་འཛིན་པ་ཡིན། ཤུལ་འཛིན་བྱེད་མགོ་བརྩམས་རྗེས། གོ་རིམ་དང་པོའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་དགོས། དེ་ལྟར་ན། གྱོད་དོན་འདིའི་ནང་དུ། ཆུང་མ་མཚོ་སྒྲོན་དང་བུ་མོ་གཡུ་སྒྲོན། ཨ་ཕ་ལྷ་བྱམས་བཅས་ནི་གོ་རིམ་དང་པོའི་ཤུལ་འཛིན་པ་ཡིན་ལ། ཤུལ་འཛིན་གྱི་དབང་ཆ་ཡོད། ཡིན་ཡང་རྡོ་རྗེ་ལ་ཤུལ་འཛིན་གྱི་དབང་ཆ་མེད། དེ་ནི་རྡོ་རྗེ་དང་ཚེ་རིང་གཉིས་ཀ་ཕ་ཡར་དང་སྔ་ཚར་བར་གྱི་འབྲེལ་བ་ཡིན་རུང་མཉམ་དུ་འཚོ་བ་རོལ་མྱོང་མེད་པས་གསོ་སྐྱོང་གི་འབྲེལ་བ་ཆགས་མེད། དེའི་ཕྱིར་རྡོ་རྗེ་ནི་ཚེ་རིང་གི་ཁྲིམས་བཀོད་ཤུལ་འཛིན་པ་མིན་པས། ཁོའི་ཤུལ་ནོར་ཤུལ་འཛིན་བྱེད་མི་ཆོག
གོང་དུ་བརྗོད་པ་མདོར་དྲིལ་ན། ཚེ་རིང་གི་ཤུལ་ནོར་དེ་ཁོའི་ཆུང་མ་མཚོ་སྒྲོན་དང་བུ་མོ་གཡུ་སྒྲོན། ཨ་ཕ་ལྷ་བྱམས་བཅས་གསུམ་ཀས་ཁྲིམས་ལྟར་ཤུལ་འཛིན་བྱེད་དགོས།
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1127པ། ཤུལ་ནོར་ནི་གཤམ་གསལ་གྱི་གོ་རིམ་ལྟར་ཤུལ་འཛིན་བྱེད་དགོས།
(གཅིག)གོ་རིམ་དང་པོ། བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས།
(གཉིས)གོ་རིམ་གཉིས་པ། ཕུ་ནུ་མིང་སྲིང་དང་ཨ་མྱེས་ཨ་ཕྱི། སྤོ་བོ་དང་རྨོ་མོ་བཅས།
ཤུལ་འཛིན་བྱེད་མགོ་བརྩམས་རྗེས། གོ་རིམ་དང་པོའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་པ་དང་། གོ་རིམ་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་མི་བྱེད་པ་ཡིན། གོ་རིམ་དང་པོའི་ཤུལ་འཛིན་པ་མེད་ན། གོ་རིམ་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་པ་ཡིན།
ཁག་འདིར་བརྗོད་པའི་བུ་ཕྲུག་ཅེས་པ་ནི། གཉེན་བསྒྲིགས་པ་ལས་སྐྱེས་པའི་བུ་ཕྲུག་དང་གཉེན་བསྒྲིགས་པ་ལས་སྐྱེས་པ་མིན་པའི་བུ་ཕྲུག གསོས་ཕྲུག་དང་གསོ་སྐྱོང་གི་འབྲེལ་བ་ཡོད་པའི་སྔ་ཚར་བཅས་ལ་གོ་བ་ཡིན།
ཁག་འདིར་བརྗོད་པའི་ཕ་མ་ཞེས་པ་ནི་སྐྱེས་མཁན་ཕ་མ་དང་གསོ་མཁན་ཕ་མ། གསོ་སྐྱོང་གི་འབྲེལ་བ་ཡོད་པའི་ཕ་ཡར་མ་ཡར་བཅས་ལ་གོ་བ་ཡིན།
ཁག་འདིར་བརྗོད་པའི་ཕུ་ནུ་མིང་སྲིང་ཞེས་པ་ནི་ཕ་གཅིག་མ་གཅིག་གི་སྤུན་མཆེད་དང་ཕ་གཅིག་མ་མི་གཅིག་པའམ་ཡང་ན་མ་གཅིག་ཕ་མི་གཅིག་པའི་སྤུན་མཆེད། གསོས་ཕྲུག་གཅེན་གཅུང་། གསོ་སྐྱོང་གི་འབྲེལ་བ་ཡོད་པའི་སྔ་ཚར་སྤུན་མཆེད་བཅས་ལ་གོ་བ་ཡིན།
དོན་ཚན1129པ། བཟའ་ཟླ་ཚེ་ལས་འདས་པའི་མནའ་མས་སྒྱུག་པོ་སྒྱུག་མོ་དང་བཟའ་ཟླ་ཚེ་ལས་འདས་པའི་མག་པས་ཨ་ཞང་ཨ་ནེ་ལ་སྙོར་སྐྱོང་གི་འོས་འགན་གཙོ་བོ་འཁུར་ཡོད་ཚེ། གོ་རིམ་དང་པོའི་ཤུལ་འཛིན་པ་བྱེད་ཆོག
ཁྲིམས་ཚན་ཞིབ་འགྲེལ།
གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་ཁྲིམས་བཀོད་ཤུལ་འཛིན་པའི་ཁྱབ་ཁོངས་དང་ཤུལ་འཛིན་གོ་རིམ་ཐད་ཀྱི་གཏན་འབེབས་རེད།
ཤུལ་འཛིན་དབང་ཆ་ཞེས་པ་ནི་སྤྱི་དམངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཡང་ན་ཤུལ་འཛིན་བྱ་ཡུལ་གྱིས་བཞག་པའི་ཁྲིམས་མཐུན་ནུས་ལྡན་གྱི་ཁ་ཆེམས་ལྟར་ཤུལ་འཛིན་བྱ་ཡུལ་གྱི་ཤུལ་ནོར་དང་ལེན་བྱེད་པའི་དབང་ཆར་གོ་བ་ཡིན། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཕོ་མོ་ཚང་མར་འདྲ་མཉམ་གྱི་ཤུལ་འཛིན་དབང་ཆ་ཡོད། ཤུལ་འཛིན་དབང་ཆའི་འདྲ་མཉམ་ཞེས་པ་དེ་ནི་བུ་དང་བུ་མོའི་ཤུལ་འཛིན་གྱི་དབང་ཆ་འདྲ་མཉམ་ཡིན་པ་དང་། གཉེན་བསྒྲིགས་པ་ལས་སྐྱེས་པ་མིན་པའི་བུ་ཕྲུག་དང་གཉེན་བསྒྲིགས་པ་ལས་སྐྱེས་པའི་བུ་ཕྲུག་གི་ཤུལ་འཛིན་གྱི་དབང་ཆ་འདྲ་མཉམ་ཡིན་པ། གསོས་ཕྲུག་དང་ཤ་ལས་ཆད་པའི་བུ་ཕྲུག་གི་ཤུལ་འཛིན་གྱི་དབང་ཆ་འདྲ་མཉམ་ཡིན་པ། མནའ་མ་དང་མག་པའི་ཤུལ་འཛིན་གྱི་དབང་ཆ་འདྲ་མཉམ་ཡིན་པ། གོ་རིམ་གཅིག་པའི་ཤུལ་འཛིན་པའི་ཤུལ་འཛིན་གྱི་དབང་ཆ་འདྲ་མཉམ་ཡིན་པ་བཅས་ཀྱི་ཐད་མངོན་ཡོད།
ཁྲིམས་བཀོད་ཤུལ་འཛིན་ཞེས་པ་ནི་ཁ་ཆེམས་མེད་པའི་གནས་ཚུལ་འོག བཅའ་ཁྲིམས་ཀྱིས་ཤུལ་འཛིན་པའི་ཁྱབ་ཁོངས་དང་ཤུལ་འཛིན་གྱི་གོ་རིམ། ཤུལ་ནོར་བགོ་བཤའི་རྩ་དོན་སོགས་ཐད་ཀར་ཐག་གཅོད་པའི་ཤུལ་འཛིན་བྱེད་ཐབས་ཤིག་རེད། ཁྲིམས་བཀོད་ལྟར་ཤུལ་འཛིན་བྱེད་སྐབས་གཤམ་གྱི་གནད་དོན་གཉིས་ལ་མཉམ་འཇོག་བྱེད་དགོས།
(གཅིག)ཁྲིམས་བཀོད་ཤུལ་འཛིན་པའི་ཁྱབ་ཁོངས་སྐོར་གྱི་གཏན་འབེབས་ལ་ཁྲིམས་བཀོད་རང་བཞིན་དང་བཙན་ཤེད་རང་བཞིན་ལྡན། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བྱེད་པོར་ད་གཟོད་ཁྲིམས་བཀོད་ཀྱི་ཤུལ་འཛིན་དབང་ཆ་ཡོད། མི་གཞན་དག་གིས་ཤུལ་ནོར་ཤུལ་འཛིན་བྱེད་སྲིད་ནའང་ཁྲིམས་བཀོད་ཀྱི་ཤུལ་འཛིན་པའི་ཐོབ་ཐང་མེད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཁྲིམས་བཀོད་ཤུལ་འཛིན་པར་གོ་རིམ་དང་པོའི་ཤུལ་འཛིན་པ་སྟེ། བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་དང་། སྙོར་སྐྱོང་གི་འོས་འགན་གཙོ་བོ་འཁུར་བའི་བཟའ་ཟླ་ཚེ་ལས་འདས་པའི་མནའ་མ་དང་བཟའ་ཟླ་ཚེ་ལས་འདས་པའི་མག་པ་བཅས་འདུ་ལ། གོ་རིམ་གཉིས་པའི་ཤུལ་འཛིན་པ་སྟེ། ཕུ་ནུ་མིང་སྲིང་དང་ཨ་མྱེས་ཨ་ཕྱི། སྤོ་བོ་རྨོ་མོ་བཅས་འདུ་བ་རེད།
(གཉིས)ཁྲིམས་བཀོད་ཤུལ་འཛིན་ལ་རིམ་བགྲོད་རང་བཞིན་ལྡན། ཁྲིམས་བཀོད་ཤུལ་འཛིན་པས་ཤུལ་ནོར་ཤུལ་འཛིན་བྱེད་སྐབས། གཤམ་གྱི་གོ་རིམ་ལྟར་ཤུལ་འཛིན་བྱེད་དགོས། གོ་རིམ་དང་པོའི་ཤུལ་འཛིན་པ་ཡོད་ན། གོ་རིམ་དང་པོའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་པ་ལས། གོ་རིམ་གཉིས་པའི་ཤུལ་འཛིན་པར་ཤུལ་འཛིན་བྱེད་པའི་དབང་ཆ་མེད། གོ་རིམ་དང་པོའི་ཤུལ་འཛིན་པ་མེད་ཚེ་ད་གཟོད་གོ་རིམ་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་དགོས། །