ལུས་ཕུང་བརྟག་དཔྱད་སྐོར་གྱི་རྒྱུན་ཤེས་ཕྲན་བུ་འགའ།
发布时间:2024年05月20日 消息来源:

    རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

འཚོ་བའི་ཆུ་ཚད་དང་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་ལུས་ཕུང་བདེ་ཐང་གི་ཆེད་དུ་རྒྱུན་པར་ལུས་ཕུང་བརྟག་དཔྱད་བྱེད་ཀྱིན་ཡོད། དེས་ན་ལུས་ཕུང་བརྟག་དཔྱད་སྐོར་ལ་ཤེས་དགོས་པའི་གནད་འགའ་ཡོད་པ་བཤད་ན།

ལུས་ཕུང་བརྟག་དཔྱད་ནི་མི་ལུས་ཀྱི་ཕྱོགས་སོ་སོར་ཞིབ་བཤེར་དང་དབྱེ་ཞིབ་བྱས་ཏེ། མི་ལུས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། ནད་གཞི་སྔོན་འགོག་དང་ནད་རྟགས་ངོས་འཛིན་བྱེད་པའི་ཐབས་ཤིག་རེད། དེ་ལ་བརྟེན་ནས་ལུས་ཕུང་བདེ་ཐང་སྐོར་གྱི་གནད་དོན་རྟོགས་ཐུབ་ལ། བདེ་ཐང་གི་ཆུ་ཚད་དང་འཚོ་བའི་སྤུས་ཀ་མཐོར་འདེགས་གཏོང་ཐབས་ཀྱང་རྙེད་ཐུབ། དེ་ལ་ནང་གསེས་སུ་རྒྱུན་སྲོལ་གྱི་བརྟག་དཔྱད་དང་རྫས་འགྱུར་གྱི་བརྟག་དཔྱད། བརྙན་གཟུགས་ཀྱི་བརྟག་དཔྱད། སྐྱེ་ལུགས་ནུས་པའི་བརྟག་དཔྱད་སོགས་འདུ།

བརྟག་དཔྱད་བྱེད་ཐབས་དེ་དག་ཇི་ལྟར་འདེམས་དགོས་ཤེ་ན།མི་རྣམས་ཀྱི་ལུས་རྟེན་ན་ཚོད་སོགས་ཀྱི་ཁྱད་པར་ལྟར་འདེམས་དགོས་ཏེ།

བྱིས་པ་ལ་གཙོ་བོ་གཟུགས་ཀྱི་རིང་ཚད་དང་ལུས་ཀྱི་ལྗིད་ཚད། ཁ་སྦུག་གི་བདེ་ཐང་། མིག་དང་རྣ་བ། གློ་སྙིང་གི་ནུས་པ་སོགས་བརྟག་དགོས་པ་རེད།

ན་གཞོན་ལ་གཙོ་བོ་སེམས་ཁམས་བདེ་ཐང་ཡིན་མིན་བརྟག་དགོས་ཏེ། དཔེར་ན་སེམས་འཚབ་པ་དང་གནོན་ཤུགས་ཆེ་བ། སེམས་མི་སྐྱིད་པ་སོགས་ཡོད་མེད་ལྟ་བུ། གཞན་དུ་སྒལ་ཚིགས་དང་རུས་ཚིགས། རུས་པ་སོགས་ཀྱི་བདེ་ཐང་ལའང་བརྟག་དགོས།

དར་མ་ལ་གཙོ་བོ་བདེ་ཐང་སྐོར་གྱི་རྨང་གཞིའི་བརྟག་ཐབས་འགའ་ཞིག་སྟེ། དཔེར་ན་ཁྲག་ཤེད་དང་ཁྲག་གཅིན་གཉིས་ཀྱི་རྫས་བཤེར་སོགས་ལྟ་བུ་ལ་བརྟག་དགོས་པར་མ་ཟད། ད་དུང་སོ་སོའི་དགོས་མཁོ་དང་ལས་རིགས་ལྟར་བརྟག་ཐབས་གཞན་དང་གཞན་བསྟེན་ཆོག

སྐྱེས་པ་ལ་གཙོ་བོ་ཁྲག་རྫས་ཞིབ་བཤེར་དང་མཆིན་པའི་བྱེད་ནུས། གཅིན་རྫས་ཞིབ་བཤེར་དང་ཨོལ་རྨེན། སྙིང་གི་གློག་རིས། ཕོ་ཤེལ། མདུན་ཆགས་གཤེར་རྨེན། ལྟོ་བའིCTསོགས་བརྟག་དགོས།

སྐྱེས་མ་ལ་གཙོ་བོ་ཁྲག་རྫས་ཞིབ་བཤེར་དང་མཆིན་ནུས། གཅིན་རྫས་ཞིབ་བཤེར། ཨོལ་རྨེན། ནང་གི་ཟགས་ཐོན། སྙིང་གི་གློག་རིས། ནུ་རྨེན་སྒྲ་རླབས། མོ་ནད་དང་བུ་སྣོད་བསམ་སེའུ། ལྟོ་བའི་ཚོན་མདོག་སྒྲ་རླབས། མངལ་སྐེའི་ཕྲ་ཕུང་སོགས་བརྟག་དགོས།

རྒན་པ་ལ་གཙོ་བོ་མིག་རྣ་སྣ་དང་གྲེ་བ་སོགས་སུ་བརྟག་དཔྱད་བྱེད་དགོས་པར་མ་ཟད། རུས་པ་དང་སྙིང་གི་གློག་རིས། མཆིན་མཚེར། མཆིན་ནུས་དང་མཁལ་ནུས། ཁྲག་ཚིལ་དང་ཁྲག་གི་མངར་ཆ། གཅིན་རྫས་ཞིབ་བཤེར། ཁྲག་ཤེད་དང་སྐྲན་ནད་ཚགས་བཤེར་སོགས་བརྟག་དགོས།

ལས་རིགས་མི་སྣ་ལ་སོ་སོའི་ལས་རིགས་མི་འདྲ་བར་བསྟུན་ནས་བརྟག་དཔྱད་ཀྱི་ཐབས་ལམ་ཡང་མི་འདྲ་སྟེ། དཔེར་ན་དམིགས་བསལ་གྱི་ལས་གཉེར་མཁན་ལ་གློ་བའི་བྱེད་ནུས་དང་གློ་བའི་རྡུལ་ནད་སོགས་བརྟག་དགོས། གཞུང་ལས་ཁང་གི་ལས་གཉེར་མཁན་ལ་མིག་དང་སྐེ་ཚིགས་སོགས་ལ་བརྟག་དགོས། ལས་སྒོ་གཉེར་མཁན་ལ་བཟའ་བཏུང་གི་སྤྱོད་ལམ་དང་དུ་ཆང་སྤྱོད་མིན་སོགས་བརྟག་དགོས། དེ་མིན་ཕོ་བ་དང་རྒྱུ་མ། འཇུ་བྱེད་མ་ལག་དང་གློ་བ་སོགས་ཀྱི་གནས་ཚུལ་ལ་བརྟག་དགོས་པ་ལྟ་བུའོ། །

བརྟག་དཔྱད་མ་བྱས་སྔོན་གྱི་མཉམ་འཇོག་བྱ་ཡུལ།

ལུས་ཕུང་བརྟག་དཔྱད་མ་བྱས་སྔོན་ལ་བཟའ་བཏུང་ཚད་ལས་བརྒལ་བ་བསྟེན་མི་རུང་ལ། ཆང་དང་དུ་བའང་སྤྱོད་མི་རུང་། ཉིན་གཅིག་གི་སྔོན་ལ་ཆུ་འདང་ཚད་དུ་འཐུང་དགོས་ཏེ། དེ་ནི་བརྟག་དཔྱད་ཀྱི་འབྲས་བུ་ལེགས་པོ་ཐོན་པར་ཕན། དེ་བཞིན་དུ་ཁོ་ཧྥེ་རྒྱུ་དང་ཇ་བིལ་སོགས་བསྟེན་མི་རུང་ལ། རྩོལ་བཅག་དྲག་པོ་བསྟེན་པ་དང་མཚན་སྐྱེལ་བ་སོགས་ཀྱང་མི་རུང་། བུད་མེད་ཡིན་ན་ཟླ་མཚན་འབབ་པའི་སྐབས་སུ་མཚན་མར་བརྟག་དཔྱད་བྱེད་མི་རུང་།

བརྟག་དཔྱད་བྱེད་ཚད།

དེ་ནི་སོ་སོ་མི་སྒེར་གྱི་གནས་ཚུལ་ལ་གཞིགས་དགོས་ཏེ། ལུས་རྟེན་དང་ན་ཚོད། ལས་རིགས། ཁྱིམ་རྒྱུད་ཀྱི་ནད་རྒྱུས། བདེ་ཐང་གི་གནས་ཚུལ་སོགས་ལྟ་བུ། བྱེ་བྲག་ཏུ་བརྟག་དཔྱད་བྱེད་མཁན་གྱི་སྨན་པའི་ངག་ལ་ཉན་དགོས།

སྤྱིར་བཏང་ལུས་ཕུང་བདེ་ཐང་ཡིན་པའི་དར་མ་རྣམས་ཀྱིས་ལོ་རེར་བརྟག་དཔྱད་ཐེངས་གཅིག་ནས་གཉིས་སུ་བྱེད་ཆོག ཡིན་ནའང་། ལུས་ཕུང་མི་བཟང་བའི་མི་སྟེ། དཔེར་ན་ཁྲག་ཤེད་མཐོ་བ་དང་ཏོག་དབྱིབས་སྙིང་ནད། གཅིན་སྙི་ཟ་ཁུའི་ནད། སྨྱོ་ནད། འབྲས་སྐྲན་སོགས་ཁྱིམ་རྒྱུད་ཀྱི་ནད་ཡོད་པ་དག་གིས། ལུས་ཀྱི་བདེ་ཐང་ལ་རྒྱུན་པར་བརྟགས་ན་ལེགས།

རྒན་པ་རྣམས་ནི་ནད་འབྱུང་ཚད་མཐོ་བའི་མི་ཚོགས་སུ་གཏོགས་ཤིང་། ལུས་ཀྱི་བྱེད་ནུས་ཀྱང་ཉམས་རྒུད་དུ་གྱུར་ཡོད་པས། བདེ་ཐང་སྐོར་གྱི་གནད་དོན་ལྷག་པར་མང་བ་རེད། དེ་བས་རྒན་པ་རྣམས་ཀྱིས་ལོ་ཕྱེད་ཙམ་ལ་བརྟག་དཔྱད་ཐེངས་རེ་བྱས་ན་ལེགས།

གཞན་འཚོ་བའི་སྤྱོད་ལམ་ལེགས་པར་སྲུང་བ་དང་སྦྱོང་བརྡར་རྒྱུན་པར་བྱས་ན་ནད་འབྱུང་བའི་ཉེན་ཁ་བསྐྱུང་ཐུབ་ལ། ལུས་ཀྱི་བྱེད་ནུས་ཉམས་པའང་འགོག་ཐུབ་པས། ལུས་ཕུང་བདེ་ཐང་ལ་ཤིན་ཏུ་ཕན་ནོ། །