རྐང་ཚ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“རི་ཆུ་ནགས་གསུམ་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ལེགས་པོར་འཛིན་དགོས།”ཞེས་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་དང་། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ལམ་སྲོལ་འཐུས་ཚང་དུ་བཏང་། སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་འཛུགས་སྐྲུན་དང་།སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོན་འཁྱོལ་ཏན་ཏིག་བྱས་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་སྐྲུན་རྒྱུར་སྐུལ་འདེད་བཏང་བ་རེད།
སྐྱེ་ཁམས་ཀྱི་དགེ་མཚན་སྲ་བརྟན་དུ་གཏོང་དགོས། མུ་རིའི་གཏེར་ཁུལ་གྱི་རྐྱང་ཚང་གཏེར་ཁུལ་དང་བོ་དང་། དེ་བཞིན་མདོ་ལ་རི་བོའི་ལྷོ་འདབས་ཀྱི་མཚོ་བྱང་ས་ཁུལ་གྱི་རྐང་ཚའི་སྐྱེ་ཁམས་ཁོར་ཡུལ་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ། རྩྭ་ཐང་ཉམས་གསོ་དང་། ལྗང་མདོག་ཁོག་ཡུག ནད་འབུའི་གནོད་འཚེ་འགོག་བཅོས། ལོ་རྒྱུས་ཀྱི་ཤུལ་ལྷག་གཏེར་རི་བཅོས་སྐྱོང་། ཆུ་བོའི་བཞུད་རྒྱུན་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས་ཤིང་། ཆུ་བོ་དང་མཚེའུ་ཡི་“སྦགས་བཙོག་བཞི་གཙང་སེལ།”བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཞིང་འབྲོག་པས་བྱི་བའི་གནོད་འཚེ་འགོག་སྲུང་དང་མེ་སྐྱོན་སྔོན་འགོག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དྲིལ་སྒྲོག་དང་ཁྲིད་སྟོན་བྱས་པ་རེད། ཆུ་བོ(མཚེའུ)ཡི་ལམ་ལུགས་དང་ནགས(རྩྭའི)ལམ་ལུགས་གི་གཏིང་ཇེ་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་མ་ལག་གཙང་སྒྱུར་དང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་ཏན་ཏིག་བྱས་ཏེ། མི་དང་རང་བྱུང་ཁམས་ལ་འཆམ་མཐུན་མཉམ་གནས་ཡོང་བར་བྱ་དགོས།
“སྦགས་བཙོག་འགོག་པ་”གཙོ་གནད་དུ་བཟུང་སྟེ་སྐུལ་སྤེལ་གཏོང་དགོས། “སྦགས་བཙོག་ཆེན་པོ་གསུམ”འགོག་བཅོས་དང་འགག་སྒྲོལ་བྱེད་སྒོ་འགོ་འཛུགས་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ། ས་རྡུལ་བསླངས་པ་དང་། ཕྱི་ནས་དངོས་རྫས་སྲེག་པ། བཟའ་སྣུམ་གྱི་དུ་བ་དོ་དམ་ཚོད་འཛིན་བྱེད་པའི་ཤུགས་ཆེ་རུ་བཏང་སྟེ། ཡུལ་གྲོང་གི་གད་སྙིགས་རིགས་དབྱེ་དང་། འགྱིག་བཟོ་བཀག་འགོག གསང་སྤྱོད་ཁང་སོགས་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། བཏུང་བྱའི་ཆུ་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་གཙོ་གནད་མཐའ་འཁོར་གྱི་གཤིན་སའི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ཤིང་། བཙོག་ཆུ་དང་གནོད་ལྡན་གད་སྙིགས་ཀྱིས་གཤིན་སར་སྦགས་བཙོག་བཟོ་བ་སྔོན་འགོག་བྱེད་པར་མ་ཟད། འབྲེལ་ཡོད་སྨན་བཅོས་སྙིགས་རྫས་དང་། རིམས་ནད་དང་འབྲེལ་བའི་གད་སྙིགས་ལ་གནོད་མེད་ཅན་གྱི་གཙང་སེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་གཤིན་ས་འགན་ལེན་བྱ་དགོས།
“སྐྱེ་ཁམས་”འཛུགས་སྐྲུན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འགན་འཁྲིའི་ལམ་སྲོལ་དང་ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་ནུས་ལམ་སྲོལ་ཆ་ཚང་འཐུས་ཚང་དུ་གཏོང་བ་དང་འབྲེལ་ནས། སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་མཁན་དང་བོར་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ“རྫོང་ལ་འགོ་ཁྲིད་ཚོ་ཆུང་ཡོད་པ་དང་།ཡུལ་ཚོ་ལ་གཞུང་ལས་ཁང་ཡོད་པ། སྡེ་བར་ལས་དོན་རུ་ཁག་ཡོད་པ”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་བཙུགས་ཡོད་པ་རེད།