སློབ་མའི་འདུ་ཤེས་འཛིན་སྟངས་ཀྱི་དབྱེ་བ་གསར་དུ་བཤད་པ།
发布时间:2024年06月11日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

གཅིག དགེ་རྒན་ལ་ཕ་མའི་འདུ་ཤེས་འཛིན་པ།

ཕ་མ་ནི་ཨ་ཕ་དང་ཨ་མའི་བསྡུས་མིང་སྟེ།  ང་རང་ཚོ་འཇིག་རྟེན་དུ་བསུ་མཁན་ཐོག་མ་དང་། ང་རང་ཚོའི་དགེ་རྒན་ཐོག་མ། གྲོགས་པོ་ཐོག་མ། སྨན་པ་ཐོག་མ། ཇ་མ་ཐོག་མ། ཡང་ན་མིའི་རིགས་ཀྱི་དགེ་རྒན་ཐོག་མ་ཞེས་འབོད་པས། ཕ་མའི་སེམས་ཀྱི་རེ་སྨོན་དང་། ངག་གི་བསླབ་བྱ། ལུས་ཀྱི་བདེ་སྡུག་སོགས་ལ་ཅི་མི་སྙམ་པའི་བུ་ཕྲུག་དེའི་རིགས་ཀུན་གྱིས་མ་རབས་ཐ་ཤལ་དང་། ཁྲེལ་མེད་སེམས་མེད་ཀྱི་གྲས་སུ་བརྩི་བ་རེད། ཕ་མར་དྲིན་ལན་འཇལ་ཞིང་བསྙེན་བཀུར་བྱ་རྒྱུ་དེ་རང་གི་འོས་འགན་དང་མི་ཚེའི་རྒྱན་དུ་རློམ་མཁན་གྱི་མི་དེའི་རིགས་ལ་ཀུན་གྱིས་ཡ་རབས་ཁྲེལ་གཞུང་ཅན་ཞེས་བསྟོད་བསྔགས་བྱེད་ཅིང་། དེ་བཞིན་དུ་རང་ལ་རིག་པའི་སྒོ་མོ་འབྱེད་མཁན་དང་ལེགས་ཉེས་བླང་དོར་གྱི་ཁ་ཕྱོགས་སྟོན་མཁན་གྱི་ཕ་མ་གཉིས་པ་ནི་དགེ་རྒན་ཡིན་པ་གོར་མ་ཆག

སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་རང་ཉིད་སྒོ་ཀུན་ནས་ཡར་རྒྱས་སུ་གཏོང་བའི་ཡན་གྱི་བྱ་བ་གལ་ཆེན་ཞིག་དང་འགན་འཁྲི་རླབས་ཆེན་ཞིག་གང་དུའང་མ་མཆིས་ཤིང་། དེའི་ཐད་ནས་དགེ་རྒན་ལས་ལྷག་པའི་མི་བུ་བཀའ་དྲིན་ཅན་ཞིག་གང་དུའང་འཚོལ་རྒྱུ་མེད་དེ། རྒྱུ་མཚན་ནི་སློབ་མ་རྣམས་ཤེས་བྱ་རྒྱ་མཚོའི་གླིང་དུ་ཕྱིན་ཏེ། གནའ་དེང་དང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་སྣ་ཚོགས་ལ་སློབ་གཉེར་དང་། སྒོས་སུ་རང་མི་རིགས་ཀྱི་ཁྱད་ནོར་སྐད་དང་ཡི་གེ རིག་གནས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་སོགས་ཐུན་མིན་རིག་གནས་དག་རང་གི་རིག་སྟོབས་གསོ་བའི་གསོས་སུ་འདྲེན་ཚེ། འཆད་རྩོད་རྩོམ་པའི་ལས་ལ་རང་དབང་འབྱོར་ཞིང་། མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་བདག་པོ་དང་རེ་བར་འབོད་པའི་རྗེས་རབས་པ་གསོ་སྐྱོང་གི་རླབས་ཆེན་མཛད་འཕྲིན་སྐྱོང་བཞིན་པའི་དགེ་རྒན་ལ་བླ་མེད་བཀུར་བསྟི་བྱེད་པ་ནི་དོན་དུ་རང་གི་ཕ་མར་བཀུར་བསྟི་དང་། དགའ་ཞེན། སེམས་ཁྲལ་སོགས་བྱེད་པ་དང་ཡོངས་སུ་མཚུངས།

འཛམ་བུ་གླིང་ན་བྱིས་པར་ཆེས་ཤ་ཚ་ཞིང་སྙིང་ཉེ་བའི་མི་ཞིག་ཡོད་པ་ནི་བྱིས་པའི་ཕ་མ་དང་དགེ་རྒན་གཉིས་ཡིན་ལ། བྱིས་པའི་འདས་མ་ད་གསུམ་ལ་ཤུགས་རྐྱེན་མི་དམན་པ་བཞག་དང་འཇོག་བཞིན་པའང་ཕ་མ་དང་དགེ་རྒན་གཉིས་ཡིན་པས། མིའི་རིགས་ཀྱི་བླ་སྲོག་གི་བཟོ་འགོད་པ་རུ་འབོད་པའི་དགེ་རྒན་རེ་རེ་ནི་བྱིས་པ་རེ་རེའི་ཕ་མ་དང་མཚུངས།

རླབས་ཆེན་གྱི་བྱ་གཞག་འདིའི་ལས་གནས་སུ་སྡོད་པའི་དེང་གི་དགེ་རྒན་གང་དེས་སློབ་མའི་འདས་མ་ད་གསུམ་དང་། ལུས་ངག་ཡིད་གསུམ། ཕྱི་ནང་གསང་གསུམ་སོགས་ལ་ཞིབ་གསལ་དག་གསུམ་གྱིས་སེམས་ཁུར་དང་དོ་སྣང་བྱེད་བཞིན་ཡོད་ཅིང་། ཐ་ན་སློབ་མའི་ལུས་སྟེང་དུ་ཚི་དྲེག་ཡོད་མེད་དང་། ཞ་སྨྱུག་དང་འབྲི་དེབ་ཡོད་མེད། ལུས་སེམས་བདེ་ཐང་ཡིན་མིན་སོགས་དོན་དག་ཆེ་མ་ཆུང་གསུམ་གང་ལ་ཡང་དོ་ཁུར་དང་དབྱེ་ཞིབ་དང་ཐག་གཅོད་ཡང་དག་བྱས་ཏེ། སློབ་མ་ཉིན་ཕྱེད་ཙམ་ལ་མ་མཐོང་ན་དྲན་པའི་ངོས་ནས་མི་བཟོད་པའི་དགེ་རྒན་ཡང་མང་དུ་མཆིས།

དེ་བས། སློབ་མ་སུ་ཡིན་ནའང་། དགེ་རྒན་རེ་རེར་རང་གི་ཕ་མ་ལྟ་བུའི་འདུ་ཤེས་འཛིན་རྒྱུ་གལ་ཆེ་སྟེ། དེ་ལྟར་བྱས་ན་ད་གཟོད་རང་གི་བདེ་སྡུག་དང་མ་འོངས་མདུན་ལམ་གྱི་དོན་དུ་ལ་རིང་ལ་ཐུང་བཅོ་བརྒྱད་བརྒྱུད་དེ་ཀླད་པ་འགད་ལ་ཁད་ཀྱིས་སྒོར་མོ་བཙལ་བ་དང་། དཀྱོག་ཆེན་དཀྱོག་ཆུང་བཅུ་དགུ་བརྒྱུད་ནས་ལུས་ཟུངས་ཟད་ལ་ཁད་ཀྱིས་ལས་ཀ་ལས་བཞིན་པའི་ཕ་མ་རྣམས་ཀྱི་སེམས་ཁོང་གི་བུ་དང་བུ་མོ་བཟང་པོ་དེའི་གཟུགས་བརྙན་ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་གསལ་ལེར་འཆར་ངེས།

གཉིས། སློབ་གྲྭ་ལ་རང་ཁྱིམ་གྱི་འདུ་ཤེས་འཛིན་པ།

ཁྱིམ་མེད་འཁྱམ་པོ་དང་སྤྲང་པོ་མ་གཏོགས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་རང་ཁྱིམ་ལ་གད་བདར་མི་བྱེད་པ་དང་། གཞིས་ཀ་ལ་དགའ་བོ་མི་བྱེད་མཁན་ཞིག་དཀོན་པོ་འདུག ཐ་ན་ལས་བྱེད་པ་དང་ཚོང་བ་གཙོས་པའི་གཞི་རིམ་ནས་གྲོང་ཁྱེར་དུ་གནས་སྤར་ཟིན་པའི་མི་རྣམས་ཀྱིས་ཀྱང་ཁོམ་ལོང་གི་དུས་ཚོད་རེ་བཙལ་ཏེ་ཞིང་གྲོང་དུ་སོང་ནས་གཞིས་ཀའི་ཕྱི་ནང་མཐའ་དག་གད་བདར་གང་ལེགས་བྱེད་ཅིང་། ཁྱིམ་ཆས་གསར་རྙིང་ཀུན་ལ་དོ་དམ་དང་གཅེས་སྤྲས་གང་ལེགས་བྱེད་པ་ནི་སློབ་མ་རྣམས་ལ་གསལ་བ་ལྟར་རེད།

བྱིས་པ་ཕལ་མོ་ཆེ་ནི་ཁྱིམ་དུ་ཡོད་དུས། ཕ་མ་རྣམས་ཀྱི་བཀའ་བཀོད་དང་མཛུབ་སྟོན་འོག་ཏུ་ཁྱིམ་ལས་ཙག་ཙིག་ལས་པ་དང་། དངོས་ཟོག་ཆུང་ངུ་ཡར་སྐྱེལ་མར་ལེན་བྱེད་པ། ཁྱིམ་གྱི་གད་སྙིགས་འཐུ་བ། སྒོ་རའི་ཕྱི་ནང་ཕྱགས་པ་སོགས་ལ་ཐོགས་རྡུགས་མེད་པ་ནི་ལེགས་ཚོགས་ཀུན་གྱི་གཞི་རུ་སྣང་། ཡིན་ཡང་སློབ་མའི་ཁྲོད་དུ་སློབ་གྲྭའི་སྤྱི་དངོས་ལ་གཅེས་སྤྲས་ཡེ་ནས་མི་བྱེད་པའི་རིགས་ཀྱང་ཡོད་དེ། དཔེར་ན་སློབ་ཁང་དང་མལ་ཁང་། བར་ཁྱམས། ལུས་རྩལ་ར་བ། ཇ་ཁང་། སྤྱོད་ཁང་སོགས་སློབ་གྲྭའི་སྤྱི་པའི་ཁོར་ཡུག་ཏུ་གད་སྙིགས་གཏོར་ཡོད་ཀྱང་སྣང་དོགས་སྤུ་ཙམ་མེད་པར་མ་ཟད། ཐ་ན་སློབ་གྲྭའི་ཁོ་ར་ཁོར་ཡུག་ལ་གཙང་སྦྲ་དང་སྤྱི་པའི་བྱ་དངོས་ལ་གཅེས་སྤྲས་བྱས་ཏེ། མི་བཟང་དོན་བཟང་གི་བྱ་བ་སྒྲུབ་མཁན་དག་ལ་ལུས་ཀྱི་གུས་འདུད་མེད་ལ་ངག་ནས་བཀའ་དྲིན་ཞུ་བའི་ཚིག་ཙམ་ཡང་མི་བརྗོད་པ་དེ་དག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་བར་ནས་སློབ་མ་བཟང་པོའི་སེམས་ཤུགས་ཉམས་དམས་སུ་གཏོང་བཞིན་ཡོད་ལ། སྒོས་སུ་ལད་ཟློས་བྱེད་པར་གོམས་ཤིང་སྐྱོན་ཡོན་བླང་དོར་འབྱེད་པའི་རིག་སྟོབས་མ་སྨིན་པའི་ལོ་རིམ་དམའ་གྲས་ཀྱི་སློབ་མ་རྣམས་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཀྱིན་པས། ད་ནས་བཟུང་སྟེ་སློབ་གྲྭ་སོ་སོའི་སློབ་མ་ཡོངས་ནས་ཤེས་ཡོན་གྱི་ཁྱད་པར་མེད་ཅིང་། ལོ་ཚོད་ཀྱི་ཆེ་ཆུང་མེད་པ། ཕོ་མོའི་དབྱེ་བ་མེད་པའི་སྒོ་ནས་སློབ་གྲྭར་རང་གི་ཁྱིམ་ལྟ་བུའི་འདུ་ཤེས་བཟུང་ཐོག སློབ་གྲྭར་དགའ་ཞེན་དང་སློབ་ཆས་ལ་གཅེས་སྤྲས། སྤྱི་དངོས་ལ་བདག་སྐྱོང་གང་ལེགས་བྱས་ན། སྙིགས་མའི་ཞིང་ས་ནས་གད་བདར་གྱི་སྙེ་མགོ་འབུས་སྲིད་ལ། དཔེ་ཁྲིད་ཀྱི་སྐམ་སར་མི་སྐྱོང་གི་སྦྲང་ཆར་འཇོ་སྲིད།

གསུམ། དཔེ་ཀློག་ལ་ཟས་ཀྱི་འདུ་ཤེས་འཛིན་པ།

མི་ཞིག་གིས་ཟ་མ་མ་ཟོས་པར་ཡུན་རིང་འགོར་ན་གསོན་ཐབས་མེད་པ་སུས་ཀྱང་ཤེས་ལ། ཟ་མའི་ནང་ནས་དུག་ཅན་དང་བཅུད་ཅན་དབྱེ་བ་མང་བའང་བྱིངས་ནས་ཁས་ལེན་མོད། འོན་ཀྱང་སློབ་མ་རྣམ་པ་དཔེ་ཀློག་གི་འཇིངས་སུ་ཡེ་ནས་མ་ཞུགས་པ་དང་། ཡང་ན་དཔེ་ཆའི་རིགས་དབྱེ་མ་ཤེས་པ་དང་། རང་གིས་ཀློག་དགོས་པ་གང་ཡིན་པ་མ་ཤེས་ན་འཆི་འགྲོ་བ་ཉུང་ཤོས་ཤིག་གིས་མ་གཏོགས་ཁས་མི་ལེན། གལ་ཏེ་དགེ་རྒན་ནི་ཤེས་རིག་གི་བདུད་རྩི་སྩོལ་མཁན་དང་། མདུན་སྐྱོད་ཀྱི་དུང་བརྡ་སྒྲོག་མཁན། གསར་གཏོད་ཀྱི་གཡུལ་ལ་ཞུགས་མཁན། རྒྱུ་འབྲས་ཀྱི་ཆོས་ཉིད་རྟོགས་མཁན། བདེན་དོན་གྱི་རལ་གྲི་འཕྱར་མཁན་སོགས་སུ་བསྒྲགས་དང་སྒྲོག་བཞིན་པ་འདི་ཡང་དག་དང་ཁུངས་བཙུན་ཚུགས་ཐུབ་ཅིག་ཡིན་དགོས་ཚེ། དེ་དག་ཡོད་དོ་ཅོག་དཔེ་ཀློག་དང་ཁ་འབྲལ་ཐབས་ཡེ་ནས་མེད། སློབ་མ་རྣམས་ཀྱིས་དཔེ་ཆ་སྣ་ཚོགས་ལ་ལྟ་ཀློག་མི་བྱེད་པར་དགེ་རྒན་གྱིས་སློབ་ཁྲིད་བྱས་པ་ཙམ་གྱིས་ཡིད་ཚིམ་ནས་བསྡད་ན་ནི། ཁྲོན་པའི་ཆུ་ལ་འབྱིང་བའི་རུས་སྦལ་དང་གཉིས་སུ་མ་མཆིས་ཤིང་། སློབ་དེབ་ཀྱི་ནང་དོན་ལོ་རེ་ནས་ལོ་རེར་གསར་བརྗེ་བྱེད་བཞིན་ཡོད་པས། ཟུར་བལྟའི་དཔེ་དེབ་སྣ་ཚོགས་ལ་དུས་ལྟར་མཇལ་མ་ཐུབ་པར་དུས་ཚོད་འགྲོ་ཐབས་ཙམ་བྱས་ན། ཁྱེད་ཀྱིས་དཀའ་གནད་ཀྱི་མདུད་པ་མང་པོ་ཞིག་དགྲོལ་མི་ཐུབ་ལ་ལྟ་རྒྱ་མཐོང་རྒྱ་ཆེ་རུ་བསྐྱེད་མི་ཐུབ་པས། སྐབས་དེར་ཐོན་ན། “ཤེས་རིག་གི་ཆུ་ཀློང་ཆད་སོང་བས་ཆུང་སྐྱེས་ཚོའི་བློ་རིག་ཉམས་སོང་ལ། སློབ་གསོ་ཡི་སྣང་བ་གཟིམས་སོང་བས་གསར་གཏོད་ཀྱི་ཆུ་སྐྱེས་བསྐམས་སོང”ཟེར་བའི་སྐད་ཆ་དེ་ལ་བདེན་ཁ་མི་སྟེར་ཀ་མེད་ཀྱི་དུས་སུ་སླེབས་སྲིད། དེ་བས། དུས་རྒྱུན་བདེ་ཐང་གི་ཁ་ཟས་དང་བཅུད་ཅན་གྱི་ཟས་རིགས་མ་བསྟེན་ན་ལུས་ཀྱི་མདངས་འཆོར་ཞིང་ཟུངས་ཤོར་འགྲོ་བ་ལྟར། དཔེ་ཀློག་ལ་སྤྲོ་བ་མེད་པ་དང་དཔེ་ཆ་ལེགས་པོ་བདམས་པའི་གོམས་སྲོལ་མེད་པའི་སློབ་མ་ནི་གཤོག་ཡ་ཆད་པའི་བྱ་རྒྱལ་རྒོད་པོ་དང་། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་སོགས་དང་ཡོངས་སུ་མཚུངས་པས། སློབ་མ་གང་དེས་ཀླད་པ་འགྲང་བྱེད་ཀྱི་དཔེ་ཀློག་དེ་རང་གི་ལྟོ་བ་འགྲང་བྱེད་ཀྱི་ཟས་སུ་སྒོམ་ཚེ། ཕྱི་ལུས་ཀྱི་སྟེང་ན་གཞོན་ནུའི་ལང་ཚོའི་བཀྲག་མདངས་འཚེར་ཞིང་ནང་བློ་རིག་གི་རལ་གྲིའི་སོ་ཁ་རྣོ་བའི་སློབ་བུ་ཚད་ལྡན་ཞིག་ཏུ་ཅི་ལ་མི་འགྱུར།

བཞི། སློབ་གྲོགས་ལ་སྤུན་མཆེད་ཀྱི་འདུ་ཤེས་འཛིན་པ།

ས་ཆ་སོ་སོར་སྲོལ་དང་ལུགས་དང་དཔེ་སོགས་མི་མཐུན་པ་མང་པོ་མཆིས་མོད། རང་གི་ཤ་ཉེ་རིང་དང་སྤུན་མཆེད། གྲོགས་པོ་གྲོགས་མོ་སོགས་ཕན་ཚུན་བར་རོགས་རེས་གཞོགས་འདེགས་དང་། མཐུན་སྒྲིལ་མཉམ་ལས། གཡས་སྐྱོར་གཡོན་འདེགས་བྱས་ཏེ་རང་གི་རྗེས་སུ་ལུས་པ་མདུན་ནས་འཐེན་ཞིང་། རང་གི་སྔོན་དུ་ཡོད་པ་རྒྱབ་ནས་སྐྱོར་བ་ནི་ཁོ་ཚོ་ཕན་ཚུན་བར་ལྷད་མེད་ཀྱི་འདང་ཟབ་མོ་ཆགས་ཡོད་པའི་བདེན་དཔང་འཁྲུལ་མེད་ཡིན་པ་དང་། ཅིག་ཤོས་ནི་དེ་ལས་ལྡོག་པ་ས་ཆ་སོ་སོར་ཐུན་མོང་དུ་ཁྱབ་ཅིང་གྲུབ་པ་ཀུན་ལ་གསལ། ཡིན་ནའང་སློབ་གྲོགས་ཀྱི་འབྲེལ་བ་ནི་སྤུན་མཆེད་ལྟ་བུའི་འབྲེལ་བ་ཡིན་པར་ངོས་ཟིན་ཡང་དག་མེད་པའི་སློབ་བུའང་ཡོད་པ་ཀུན་ལ་གསལ། སློབ་གྲོགས་བར་གྱི་མཛའ་བརྩེ་ནི་ཆུ་དང་འོ་མ་འདྲེས་པ་ལྟ་བུ་ཡིན་འོས་ལ། ཕུ་ནུ་ཇི་བཞིན་ཕན་ཚུན་ལ་ཞེ་རྩིས་ཆེ་བ། ཨ་ཅེ་དང་སྲིང་མོ་བཞིན་དུ་སེམས་གཏམ་གླེང་རོགས་ཡིན་པ་ལས། ཕྲག་དོག་བྱེད་པ་དང་ངན་སེམས་འཆང་བ། ལྐོག་ལབ་རྒྱག་པ། བརྙས་བཅོས་མྱོང་དགོས་པ་སོགས་ཀྱི་ཁོར་ཡུག་སྡུག་པོ་ཞིག་ཏུ་སློབ་མའི་འཚོ་བ་སྐྱེལ་དགོས་བྱུང་ཚེ། དེ་ནི་སློབ་གསོའི་ཕམ་ཁ་རུ་བགྲང་ཆོག དགེ་རྒན་དང་ཁྱིམ་བདག་གང་དེས་སློབ་མའི་ཕྱི་ནང་གསང་གསུམ་དང་འགྲོ་འདུག་སྤྱོད་གསུམ་ལ་རྟག་ཏུ་ཐུགས་ཁུར་བླ་མེད་གནང་དགོས། །