རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་རྐང་ཚ་རྫོང་གི་དགེ་རྒན་ལ་ལས་གནས་ཟབ་སྦྱོང་གི་བྱེད་སྒོ་སྤེལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་ལ་ལོ་ངོ14རིང་ལ་སློབ་གསོའི་རོགས་སྐྱོར་ལས་དོན་སྤེལ། ཉེ་ཆར། སློབ་གསོ་པའི་སྙིང་སྟོབས་ལ་ལག་ལེན་གཏིང་ཟབ་དང་། འབྱུང་འགྱུར་གྱི་ཕུལ་བྱུང་དགེ་རྒན་ལ་ཤུགས་རྒྱག་པ། ནུས་ཤུགས་ཡོད་རྒུས་རྐང་ཚ་རྫོང་གི་སློབ་སྔོན་སློབ་གསོ་དང་སློབ་ཆུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས“2024ལོའི་རྐང་ཚ་རྫོང་གི་སློབ་སྔོན་སློབ་གསོའི་གླིང་གཙོ་དང་དགེ་རྒན་ལའོ་ཁྲིན་གྲོང་ཁྱེར་དུ་སོང་ནས་ལས་གནས་མཉམ་ཞུགས་ཀྱི་ཟབ་སྦྱོང”དང“2024ལོའི་རྐང་ཚ་རྫོང་སློབ་ཆུང་གི་རྐང་འཛིན་དགེ་རྒན་པེ་ཅིང་དུ་སོང་ནས་ལས་གནས་མཉམ་ཞུགས་ཀྱི་ཟབ་སྦྱོང་འཛིན་གྲྭ”བསྒྲུབས་པ་པ་རེད།
ཟླ4བའི་ཚེས6ནས་ཚེས13ཉིན་གྱི་རིང་ལ། རྐང་ཚ་རྫོང་གི་བྱིས་སྐྱོང་ཁང་གི་མགོ་གཙོ་དང་དགེ་རྒན་ཁག་ཅིག་བཅས་ཁྱོན་སྡོམ་མི35ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར་དུ་སོང་ནས་ཉིན8གྱི་རིང་ལ་ལས་གནས་མཉམ་ཞུགས་ཀྱི་ཟབ་སྦྱོང་བྱེད་སྒོ་སྤེལ་བ་རེད། དེའི་རིང་ལ་སློབ་མ་ཚོས་ལའོ་ཁྲིན་ཚོད་ལྟའི་བྱིས་སྐྱོང་ཁང་ལ་ལྟ་སྐོར་བྱས་ཤིང་། ལའོ་ཁྲིན་སློབ་གསོ་དང་ལུས་རྩལ་ཅུའི་སློབ་ཞིབ་པ་ཀྲའོ་མེན་གྱི《རོལ་རྩེད་སྙིང་སྟོབས་ལག་ལེན་དུ་བསྟར་ཏེ། སློབ་གསོའི་འགན་སྲུང་མཐོར་འདེགས་སུ་གཏོང་བ》ཞེས་པའི་ཆེད་དོན་འཆད་ཁྲིད་ལ་ཉན་པ་རེད། དེ་དང་ཆབས་ཅིག བྱིང་སྐྱོང་ཁང་མང་པོ་ཞིག་ཏུ་སོང་ནས་ཁོར་ཡུག་ཇུས་འགོད་དང་། ཁྱིམ་བདག་གི་རོགས་འདེགས་བྱེད་སྒོ། སློབ་གསེང་རོལ་རྩེད། ཐུན་མོང་སློབ་ཁྲིད། ས་ཁོངས་བཀོད་སྒྲིག སློབ་སྔོན་དང་སློབ་ཆུང་གི་སྦྲེལ་མཐུད། དམངས་སྲོལ་རིག་གནས་རྒྱུན་འཛིན་སོགས་ཀྱི་ནང་དོན་ཐད་ལས་གནས་མཉམ་ཞུགས་ཀྱི་སློབ་སྦྱོང་དང་སྤེལ་རེས་བྱས་པ་མ་ཟད། ཧྲན་ཏུང་ཞིང་ཆེན་ཏའེ་ཀྲིག་གྲོང་ཁྱེར་ཆིས་ཧོ་རྫོང་དང་ཅིས་ནན་གྲོང་ཁྱེར་ལའེ་ཞ་ཆེས་སུ་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་དང་སློབ་གསོ་ཁྱབ་གདལ་རྫོང་གི་གསར་གཏོད་ཉམས་མྱོང་དང་བྱེད་སྟངས་ལ་ལྟ་གཟིགས་སློབ་སྦྱོང་བྱས་པ་རེད།
ཟླ6པའི་ཚེས2ནས་ཚེས8ཉིན་གྱི་རིང་། རྐང་ཚ་རྫོང་གི་སློབ་ཆུང་རྐང་འཛིན་དགེ་རྒན25པེ་ཅིང་དུ་སོང་ནས་ལས་གནས་མཉམ་ཞུགས་ཀྱི་བྱེད་སྒོར་ཞུགས། ཐེངས་འདིའི་བྱེད་སྒོར་དེ་པེ་ཅིང་དགེ་འོས་སློབ་ཆེན་གྱིས་སྒྲིག་འཛུགས་བྱས་ནས་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཧྥུ་རིན་སློབ་ཁུལ་དུ་འཚོགས་པ་རེད། པེ་ཅིང་དགེ་འོས་སློབ་ཆེན་གྱི་རྒྱུན་མཐུད་སློབ་གསོ་དང་དགེ་རྒན་གསོ་སྦྱོང་སློབ་གླིང་གི་རིག་ཚན་ལྟེ་གནས་ཀྱི་ཀྲུའུ་རིན་ཁྲིན་ཝུན་གྱིས་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་གནང་བ་དང་། པེ་ཅིང་དགེ་འོས་སློབ་ཆེན་གྱི་ཁོངས་གཏོགས་སློབ་ཆུང་གི་དགེ་རྒན་ཅ་ཧུང་པེན་གྱིས“སྐད་ཡིག་སློབ་སྦྱོང་བྱེད་ནུས་གསོ་སྐྱོང་བྱེད་པའི་དཔེ་ཀློག་མཛུབ་ཁྲིད”ཀྱི་ཆེད་དོན་འཆད་ཁྲིད་གནང་བ་རེད། དེར་བསྟུན། སློབ་མ་ཚོས་པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཅ་ཚོད་ལྟའི་སློབ་ཆུང་དང་། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་ཁོངས་གཏོགས་སློབ་ཆུང་། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆེའུ་ཀྲུང་ཀོན་ཚོན་སློབ་ཆུང་དང་པོ་སོགས་པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་སློབ་ཆུང3ལ་སློབ་སྦྱོང་དུ་སོང་བ་མ་ཟད། པེ་ཅིང་གྲོང་ཁྱེར་ཧྲི་ཅ་ཚོད་ལྟའི་སློབ་ཆུང་དུ《པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ཁྲོད་ཀྱི་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལག་ལེན་བྱེད་སྒོའི་ཞིབ་གྲོས་གླེང་སྟེགས》ནང་ཞུགས་ཤིང་། ཡུལ་དངོས་སུ་ངོ་མཚར་ཆེ་བའི་འཆད་ཁྲིད4ཉན་པ་རེད།
ཟབ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་རྐང་ཚ་རྫོང་གི་སློབ་གསོར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལས་གནས་མཉམ་ཞུགས་ཀྱི་ཟབ་སྦྱོང་བྱེད་སྒོ་སྤེལ་ནས་ཁོ་ཚོར་ཕན་པ་ཆེན་པོ་ཐོབ་ཅིང་། སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་ཤེས་རྟོགས་བྱུང་ཞིང་། སློབ་གསོ་ལས་དོན་ལ་རྒྱུས་ལོན་དང་ངོས་འཛིན་ཟབ་མོ་ཞིག་བླངས་ཡོད་པ་མ་ཟད། སྐད་གྲགས་ཆེ་བའི་སློབ་གྲྭའི་གནས་ཚུལ་ལ་དངོས་སུ་ཉམས་མྱོང་བྱས།