བསྟུད་མར་ཟི་ལིང་གི་དམའ་འབྲིང་སློབ་མ2ཀྱི་སྲོག་ཕྲོགས་པའི་ཀླད་རིམས་ནི་ཇི་ལྟ་བུ་ཞིག་ཡིན་ནམ།
发布时间:2024年07月11日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སློབ་གསོ་ཅུས་དང་འཕྲོད་བསྟེན་བདེ་ཐང་ཅུས་གཉིས་ཀྱིས་ཉེ་ལམ་ཧོང་ཀྲུང་ཆུས་སློབ་འབྲིང་དང་པོའི་སློབ་མ2ནད་ལ་རྐྱེན་བྱས་ཏེ་ཚེ་ལས་འདས་པའི་སྐོར་གྱི་བརྡ་ཁྱབ་སྤེལ་ཞིང་། བརྡ་ཁྱབ་ལྟར་ན། སློབ་མ་དེ་གཉིས་ཀྱི་འདས་རྐྱེན་ནི་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་རིམས་ནད་ཡིན་ལ། དེ་ནི་རིམས་ནད་རིགས་ཁ་པར་གཏོགས་པ་ཞིག་ཡིན་འདུག

ཀླད་རྒྱུངས་སྐྱི་མོའི་གཉན་ཚད་རིམས་ནད་ཀྱི་བསྡུས་མིང་ལ་ཀླད་རིམས་ཟེར་ཞིང་། དེ་ནི་ཀླད་སྐྱིའི་གཉན་ཚད་ནེ་ཟི་ཕྲ་སྲིན་གྱིས་ཀླད་སྐྱི་དང་ཀླད་རྒྱུངས་སྐྱི་མོ་རད་པར་བྱས་པ་ལས་བྱུང་བའི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་ལ། དཔྱིད་ཀར་འབྱུང་ཚད་མང་བ་དང་། ཟླ2པ་ནས་ཟླ5པ་ནི་ནད་དེ་རིགས་འབྱུང་ཚད་ཆེས་མཐོ་བའི་དུས་སྐབས་ཡིན།




1
ཀླད་རིམས་ལ་ནད་རྟགས་ཅི་ཞིག་ཡོད་དམ། 

ཀླད་རིམས་ནི་ཀླད་སྐྱིའི་གཉན་ཚད་ཀྱི་ཟླུམ་སྲིན་མཚེ་མས་བསྐྱེད་པའི་རྣག་འབྱམས་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཅིག་ཡིན་ལ། ནད་བྱུང་བ་བྲེལ་ཞིང་ཚབས་ཆེར་འགྱུར་ཚད་མགྱོགས་པ་དང་། ཤི་ཚད་དང་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་ཅུང་མཐོ། ལོ་ཆུང་བའི་བྱིས་པ་དང་ན་གཞོན་ལ་འགོ་སླ་བ་ཡིན། ད་སྐབས་སྐྱེ་འགོག་རྫས་རྒྱ་ཆེར་སྤྱད་པ་དང་སྨན་བཅོས་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཀླད་རིམས་ཀྱིས་ཤི་ཚད་དང་གཞུག་ནད་ཚབས་ཆེན་འབྱུང་ཚད་ཆེས་ཆེར་མར་ཆག་ཡོད་ནའང་། བྱིས་པ་ལ་ལར་ཀླད་རིམས་བྱུང་རྗེས་གླེན་ནད་འབྱུང་བ་དང་རྣ་དབང་ལ་གནོད་སྐྱོན་ཐེབས་པ་སོགས་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་རེད། 

ཀླད་རིམས་ནི་གཙོ་བོ་དབུགས་ལམ་བརྒྱུད་དེ་འགོ་བ་ཡིན་ལ། གློ་ལུ་བ་དང་སྣ་སྦྲིད་རྒྱག་པ་སོགས་ལས་འགོ་བ་མང་། ལོ2མན་གྱི་བྱིས་པར་མཚོན་ན། ཁྱིམ་མིས་འབྲེལ་འདྲིས་དམ་ཟབ་བྱས་པ་ནི་འགོས་ཁྱབ་བརྒྱུད་ལམ་གལ་ཆེན་ཞིག་ཡིན། 

དོ་སྣང་བྱ་དགོས་པ་ཞིག་ལ། ཀླད་རིམས་ནི་མི་ཀུན་ལ་འགོ་སླ་ཞིང་། ལོ5མན་གྱི་བྱིས་པ་ནི་ཀླད་རིམས་ཆེས་འགོ་སླ་བའི་མི་ཚོགས་ཡིན། ལྷག་པར་དུ་ཟླ6ནས་ལོ2བར་གྱི་བྱིས་པར་ཀླད་རིམས་འབྱུང་ཚད་དང་ཀླད་རིམས་ཀྱིས་ཤི་ཚད་ཅུང་མཐོ། སློབ་གྲྭ་དང་བྱིས་སྐྱོང་ཁང་སོགས་སུ་མི་མང་པོས་མཉམ་དུ་སློབ་སྦྱོང་དང་འཚོ་བ་རོལ་བཞིན་ཡོད་པས། གནས་དེ་དག་ནི་ཀླད་རིམས་འབྱུང་ཚད་མཐོ་བའི་ས་གནས་ཡིན་ལ། དམིགས་བསལ་གྱིས་དོ་སྣང་བྱ་འོས། 

ཀླད་རིམས་འགོས་རྗེས། ནད་རྟགས་ལ་གཙོ་བོ་དོས་དྲག་རང་བཞིན་གྱི་ཚ་རྒྱས་པ་དང་མགོ་ལ་ན་ཟུག་ཆེན་པོ་ལངས་པ། ཞེན་ཁ་ལོག་པ། སྐྱུག་པ། སྐེ་མཇིང་རེངས་པ། འོད་ལ་སྐྲག་པ། པགས་པར་ནག་ཐིག་ལྷུང་བ་སོགས་ཡོད་ལ། གནས་ཚུལ་ཚབས་ཆེ་སྐབས་བརྒྱལ་བ་དང་ཐ་ན་ཤི་ཡང་སྲིད། 

ལོ་ཆུང་བའི་བྱིས་པར་ཀླད་རིམས་འགོས་རྗེས་ནད་བབ་ཅུང་ཚབས་ཆེ་ངེས་ཏེ། དུས་རྒྱུན་གཉིད་མི་བདེ་བ་དང་གློ་བུར་དུ་སྐད་ཅོར་རྒྱག་པ། མིག་ཟུང་གཡོ་འགུལ་མེད་པར་ཅེར་ནས་འདུག་པ། ལུས་ཡོངས་ལ་རྩ་འདར་འབྱུང་བ་སོགས་བྱེད། 

དོ་སྣང་བྱ་དགོས་པ་ཞིག་ལ། རྒྱུན་ལྡན་གྱི་གནས་ཚུལ་འོག་ཀླད་རིམས་ཀྱི་སྔ་མོའི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་པ་དང་འདྲ་བས། བརྟག་དཔྱད་བྱེད་སྐབས་དེ་གཉིས་ཕན་ཚུན་བསྲེས་པའམ་བརྟག་ནོར་བྱུང་སྟེ་སྨན་བཅོས་ལ་འགོར་འགྱངས་བྱེད་པར་གཟབ་དགོས། 



2
ཀླད་རིམས་སྔོན་འགོག་བྱེད་ཐབས། 

ཀླད་རིམས་འགོག་སྨན་རྒྱག་པ་ནི་བྱིས་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐབས་ཡག་ཤོས་དེ་ཡིན་ལ། མིག་སྔར་རྒྱལ་ཁབ་ཀྱི་རིན་མེད་རིམས་ཐར་འཆར་གཞིའི་འགོག་སྨན་ཡོད་པར་མ་ཟད། རང་མོས་སྒོས་རིན་བྱིན་ནས་བརྒྱབ་ཆོག་པའི་རིམས་ཐར་འཆར་གཞི་མིན་པའི་འགོག་སྨན་ཡང་ཡོད།