མདོ་དབུས་མཐོ་སྒང་གི་ཁེངས་ས་ཞིབ་འཇུག་ལས་ལོ་ངོ30རིང་གི་རྩི་ཤིང་གི་སྐྱེ་དངོས་ཁ་གྲངས་འགྱུར་ལྡོག་གསལ་སྟོན་བྱས།
发布时间:2024年08月14日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ལམ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་རུ་ཁག་གིས་འདས་པའི་ལོ་ངོ30རིང་གི་མདོ་དབུས་མཐོ་སྒང་གི་དཔེ་མཚོན་མཐོ་གྲང་སྐྱེ་ཁམས་མ་ལག་རིགས་གསུམ་གྱི་ནང་གི་ས་དཔེ་དང་རྩི་ཤིང་མང་པོའི་གཞི་གྲངས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ས་ངོས་དང་ས་འོག་བར་གྱི་རྩི་ཤིང་གི་སྐྱེ་དངོས་ཁ་གྲངས་བགོ་བཤའི་བསྡུར་ཚད་ལ་འགྱུར་ལྡོག་མངོན་གསལ་ཡོད་པ་གསལ་སྟོན་བྱས།
ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་གི་ལོ་མང་ཁེངས་སའི་ས་ཁུལ་གྱི་རྩི་ཤིང་ཚོགས་པས་བབ་བསྟུན་ངང་སྐྱེ་དངོས་ཁ་གྲངས་བགོ་བཤའི་ཐབས་ཇུས་སྙོམ་སྒྲིག་བྱས་ཏེ། ཧུར་ཐག་གིས་ནམ་ཟླ་ཇེ་དྲོར་འགྲོ་བའི་འགྲན་རྩོད་ལ་གདོང་གཏོད་བཞིན་ཡོད་པ་རེད། ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་ན། ཁུལ་ཁོངས་འདིའི་སྐྱེ་དངོས་ཁ་གྲངས་ཀྱི་བགོ་བཤའི་ཐབས་ཇུས་སྙོམ་སྒྲིག་བྱེད་སྟངས་ནི་གཙོ་བོ་ནམ་ཟླ་ཇེ་དྲོར་སོང་བ་ཡིས་བསླངས་པ་མ་གཏོགས། རྩི་ཤིང་གི་རིགས་སྣ་བརྗེ་རེས་བྱས་པ་ཡིས་བསླངས་པ་མིན་ལ། ཁྱད་པར་དུ་ཐན་པ་ཆེ་བའི་ཆ་རྐྱེན་འོག ནམ་ཟླ་ཇེ་དྲོར་འགྲོ་ཚད་ཚབས་ཆེར་གྱུར་པ་དང་བསྟུན་ནས། རྩི་ཤིང་གིས་སྐྱེ་དངོས་ཁ་གྲངས་ཀྱི་བགོ་བཤའ་ལ་ཚོད་འཛིན་བྱེད་ནུས་མངོན་གསལ་སྒོས་ཇེ་ཆེར་གྱུར་ཏེ། འཕྲོད་མཐུན་རང་བཞིན་དང་མཉེན་གཤིས་ཆེན་པོ་མངོན་པ་རེད། རླན་ཆེ་བའི་མཐོ་གྲང་རླན་ས་རུ། རྩི་ཤིང་གི་ས་ངོས་སྐྱེ་དངོས་ཁ་གྲངས17%ཇེ་མང་དུ་སོང་སྟེ། སྐྱེས་སྟོབས་རབ་ཏུ་འབར་བའི་གནས་སྟངས་མངོན་ཡོད་ལ། ཐན་པ་ཆེ་བའི་མཐོ་གྲང་རྩྭ་ཐང་དུ། རྩི་ཤིང་གིས་སྐྱེ་དངོས་ཁ་གྲངས་དེ་བས་མང་བ་ས་འོག་ཏུ་བཏང་སྟེ། ཆུའི་འདུས་ཚད་རླངས་འགྱུར་འབྱུང་བ་ཇེ་ཉུང་དུ་གཏོང་བ་ལ་བརྟེན་ནས་ཐལ་ཆེ་བའི་ཁོར་ཡུག་ལ་འཕྲོད་བསྟུན་བྱེད་ཀྱིན་ཡོད་པ་དང་། དེའི་ས་འོག་གི་སྐྱེ་དངོས་ཁ་གྲངས་ཀྱི་ཟིན་ཚད་ཐ་ན48%ཇེ་ཉུང་དུ་གྱུར་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཁེངས་སའི་ཐོན་ཁུངས་ཀྱི་བཅུ་ཆའི་བདུན་ཙམ་མདོ་དབུས་མཐོ་སྒང་དུ་ཡོད་པས། དེའི་སྐྱེ་ཁམས་མ་ལག་ནི་སའི་གོ་ལ་ཧྲིལ་བོའི་ནམ་ཟླའི་གཏན་འཇགས་ལ་རིན་ཐང་གལ་ཆེན་ལྡན། ཞིབ་འཇུག་གྲུབ་འབྲས་འདིས་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་གི་ཁེངས་སའི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་མངོན་གསལ་སྒོས་ཇེ་མཐོར་སོང་བ་མཚོན་པར་མ་ཟད། ལོ་མང་ཁེངས་སའི་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གིས་ནམ་ཟླ་ཇེ་དྲོར་ཕྱིན་པའི་རྒྱབ་ལྗོངས་འོག་གི་གཏན་འཇགས་རང་བཞིན་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཤིང་། སྔར་བས་ཡང་དག་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གཏན་ཁེལ་བྱེད་པ་ལ་ཁ་ཕྱོགས་གསལ་བོར་བསྟན་ཡོད།