མཚོ་བྱང་ཁུལ་རྐང་ཚ་རྫོང་གི་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་ལས་གཉེར་བྱེད་མགོ་བརྩམས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། མང་ཚོགས་ལ་གཅིག་སྡུད་དང་ཚད་ལྡན་གྱི་ཉོ་འཚོང་བྱེད་ས་ཞིག་མཁོ་འདོན་བྱེད་པ་དང་། ཉོ་འཚོང་གི་ལས་ཆོད་མཐོ་རུ་གཏོང་བ། ཕྱུགས་ཟོག་འཁོར་རྒྱུག་གི་ཐབས་ལམ་རྒྱ་སྐྱེད་པ་བཅས་བྱ་ཆེད། རྐང་ཚ་རྫོང་གི་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་དངོས་སུ་ལས་གཉེར་བྱེད་མགོ་བརྩམས། དེས་རྫོང་ཡོངས་ཀྱི་ཕྱུགས་རིགས་གསོ་སྤེལ་ཁྱིམ་ཚང་དང་ཞིང་འབྲོག་མང་ཚོགས་ལ་ཕྱིར་འཚོང་སྟེགས་བུ་ཞིག་མཁོ་འདོན་བྱས་པ་དང་། ཕྱུགས་ཟོག་ཕར་བཙོང་དཀའ་ལ་ཚུར་ཉོ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཕྱུགས་ལས་ཁྲོམ་རའི་སྤྱི་ཡོངས་ཀྱི་འགྲན་རྩོད་ཀྱི་ནུས་པ་མཐོ་རུ་ཕྱིན་པ་དང་། ཕྱུགས་ལས་འཕེལ་རྒྱལ་ལ་སྔར་ལས་ལྷག་པའི་སྟོབས་ཤུགས་བསྣན་ཏེ། ལྗང་མདོག་ལྷད་མེད་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་རྒྱུར་རོགས་འདེགས་བྱས།
རྐང་ཚ་རྫོང་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་ནི་ཕྱུགས་ཟོག་ཉོ་འཚོང་དང་། རིམས་ནད་ལྟ་ཞིབ་ཚད་ལེན། ནོར་ལུག་དབོར་འདྲེན། གཟན་ཆས་ཕྱིར་འཚོང་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉོ་འཚོང་ཁྲོམ་ར་ཞིག་ཡིན་པ་དང་། མ་དངུལ་སྒོར་ཁྲི2000 བཏང་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1ཟིན། ནང་དུ་ཉོ་འཚོང་དྲོད་ཁང་དང་། ནོར་ལུག་གནས་སྐབས་བདག་ཉར་བྱེད་ས། ཐེག་རྒྱ། གཟན་རྩྭ་གསོག་ཉར་ཁང་། རླངས་འཁོར་འདུག་ས་སོགས་ཡོད། ཡུལ་དངོས་སུ་ནད་ཡམས་བརྟག་དཔྱད་དང་དཔང་ཡིག་སྤྲོད་པ། དུག་སེལ་སོགས་ཀྱི་ཞབས་ཞུ་ཡོད་ལ་ལུག3000དང་། ནོར 400དུས་གཅིག་ཏུ་ཤོངས་ཐུབ།
ཚོང་མགོ་བརྩམས་པའི་ཉིན་དེར་ཕྱུགས་ཟོག203ཉོ་འཚོང་བྱས་པ་དང་ཉོ་འཚོང་དངུལ་སྒོར་ཁྲི22ཟིན་ཡོད་པ་རེད། ཕྱུགས་རིགས་ཉོ་འཚོང་ཁུལ་དུ་མི་ཚོགས་ཀྱི་འདུ་འཛི་ཆེ་ལ། ཕྱུགས་ཟོག་ཕྱིར་འཚོང་དང་ཉོ་འཚོང་བྱེད་པའི་འབྲོག་པ་རྫོགས་མེད་ཅིག་ཡོད། སྒོས་སུ་ཀན་སུའུ་དང་ཧི་ནན་ས་ཁུལ་ནས་ཡོང་བའི་ཚོང་བའང་ཉོ་ཚོང་བྱེད་དུ་ཡོང་གིན་ཡོད། ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་བཙུགས་པ་དེས་རྐང་ཚ་རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ནོར་ལུག་ཉོ་འཚོང་ཐད་ཀྱི“ཁྲོམ་ར་ཡོད་ཀྱང་གནས་མེད་པའི”ཚོང་གཉེར་གྱི་སྟོང་ཆ་བསྐངས་ཡོད་ལ། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཕྱུགས་ཐོན་ལས་གྱི་རྒྱུན་ཐག་རིང་དུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། དེ་དང་ཆབས་ཅིག འབྲོག་པ་མང་ཚོགས་དང་ཚོང་བའི་བར་སྦྲེལ་མཐུད་ཟམ་པ་བཙུགས་པས། འགྲོ་རྒྱུག་ཇེ་ཉུང་དང་། འགྲོ་སོང་ཇེ་དམའ་རུ་བཏང་སྟེ། ཞིང་འབྲོག་ཁྱིམ་ཚང་གི་ཕྱིར་འཚོང་དཀའ་བའི་གནད་དོན་སྔར་ལས་ཐག་གཅོད་བྱས་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་ཁྲོམ་རའི་དཔྱད་གཞིའི་རིན་གོང་མཁོ་འདོན་བྱས་ཏེ། ཕྱུགས་ཟོག་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཡོད།
ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་སྒོ་ཕྱེས་རྗེས་ཞིང་འབྲོག་མང་ཚོགས་ཀྱིས་སྒོ་རྩར་ཉོ་འཚོང་བྱེད་པ་དང་སྒོ་རྩའི་ཡོང་འབབ་འཕར་པའི་རེ་བཞག་བཟང་བོ་མངོན་འགྱུར་བྱུང་ནས། གསོ་སྤེལ་ལས་རིགས་འཁོར་རྒྱུག་བཟང་བོ་ཡོང་བར་སྐུལ་འདེད་ཆེན་པོ་ཐེབས་པ་དང་། ཕྱུགས་ལས་བདེ་ཐང་སྒོས་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། “ཁྲོམ་ར་གཅིག་གསར་དུ་བསྐྲུན་ན། ཐོན་ལས་གཅིག་ལ་གསོན་ཤུགས་འཕེལ་བ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མང་ཚོགས་ཕྱུག་པོར་ཆགས་པ”བཅས་ཀྱི་དམིགས་ཡུལ་དངོས་སུ་མངོན་འགྱུར་ཐུབ་པར་བྱས་ཡོད།
རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་བཏང་སྟེ། ཕྱུགས་ཟོག་ཉོ་འཚོང་ཁྲོམ་རའི་ཚད་ལྡན་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། དྲང་གཞག་དྲང་བདེན་གྱི་ཉོ་འཚོང་ཁོར་ཡུག་ཅིག་བསྐྲུན་ནས། ས་གནས་དེ་གའི་ཁྱད་ལྡན་མངོན་གསལ་ཐུབ་པ་དང་། ཁེ་ཕན་མཉམ་འབྲེལ་དམ་ཟབ་ཡིན་པ། སྒྲིག་བཀོད་ལྡན་པའི་ཞབས་ཞུ་འཐུས་ཚང་བ། རྩ་འཛུགས་དང་དོ་དམ་རྩེར་སོན་པ། དཔེ་སྟོན་ནུས་པ་མངོན་གསལ་ལྡན་པ་བཅས་ཀྱི་སྒོ་ནས་ཕྱུགས་ཟོག་ཉོ་འཚོང་ཁྲོམ་རའི་ལྟེ་གནས་ཧུར་ཐག་གིས་བཏོད་དེ། མང་ཚོགས་ཀྱི་ཡོངས་འབབ་ཇེ་མང་དུ་གཏོང་བ་དང་། ཐོན་ལས་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བ། རྐང་ཚའི་སྤུས་ལེགས་ཚོང་རྟགས་ཀྱང་མང་དུ་ཕྱིན་པ་བཅས་བྱེད་རྒྱུ་ཡིན།