ཀུན་དཔལ་ཚེ་རིང་གི་དེབ་གསར《དབུ་ནག་ཞལ་གསལ》ཞེས་པ་པར་དུ་བསྐྲུན་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།







ནང་དོན་གནད་བསྡུས།
ད་ལྟ་ལག་སོན་བྱུང་བའི་ཏུན་ཧོང་ཤོག་དྲིལ་ཁག་ཅིག་དང་། དུས་རབས་བཅུ་པའི་སྔ་རྗེས་ཀྱི་ལྷ་རབས་དང་གདུང་རབས་ལས་གནའ་བོའི་རིགས་རུས་ཀྱི་གནས་ཚུལ་ཅུང་མང་པོ་མཆིས། ཡིག་ཆ་ཕལ་མོ་ཆེར་གནའ་བོའི་རིགས་རུས་ཕལ་ཆེར་ཞིག་བོད་མིའུ་གདུང་དྲུག་གི་རྒྱུད་པར་འདོད་ནའང་། ཡུལ་དབུས་དང་མཐའི་རིགས་རུས་ལ་ཁྱད་པར་ཅུང་མཆིས། ཡུལ་དབུས་སུ་རུས་ཆེན་མང་པོས་མངའ་རིས་བཟུང་སྟེ་རྒྱལ་ཕྲན་མང་པོ་བཙུགས་ཤིང་། བཙན་པོའི་དུས་སུ་ཆེ་བློན་རྣམས་ཀྱི་རྒྱུད་པར་གྱུར་ཏེ་མཐའ་འཁོབ་ཀྱི་ཡུལ་སོ་སོར་མཆེད། མཐའ་འཁོབ་ནས་ནུབ་ཏུ་སྨྲ་དང་ཞང་ཞུང་། བྱང་དུ་སྟོང་དང་སུམ་པ། ལྷོ་ཤར་དུ་ལྡོང་དང་མི་ཉཤར་དུ་སེ་དང་འ་ཞའི་རིགས་ལ་བསྡུ་སྲོལ་མཆིས། དེ་དག་ལ་ནང་གི་མིའུ་རིགས་བཞི་ཟེར་ཞིང་མིའུ་གདུང་དྲུག་གི་རུས་ཚན་དུ་འདོད། བཙན་པོའི་སྐབས་ཡུལ་དབུས་ཀྱི་རུས་ཆེན་རྣམས་མཐའ་འཁོབ་ཏུ་མཆེད་དེ་ཕན་ཚུན་འདྲེས་ཤིང་། ཕྱིས་རྒྱལ་ཁམས་སིལ་བུར་འཐོར་རྗེས་ལྡོང་དང་དབྲ། འབྲུ། སྒ་སོགས་ཀྱི་རྒྱུད་པར་འདོད་པའི་རུས་ཚན་མང་པོ་སླར་བྱུང་།
དེབ་འདིར་ཏུན་ཧོང་ཤོག་དྲིལ་ཁག་ཅིག་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་ཡིག་ཆ་སོགས་གཞིར་བཟུང་སྟེ། བོད་མིའུ་གདུང་དྲུག་གི་རུས་རྒྱུད་དང་རྒྱལ་ཕྲན་སིལ་མའི་སྐབས་ཀྱི་རིགས་རུས་རྣམས་གཙོ་བོར་བྲིས་ལ། ཐོག་མར་བོད་ཀྱི་ཡིག་ཆར་བཀོད་པའི་གནས་ཚུལ་ཅུང་གསལ་དགོས་སྙམ་སྟེ་ཕྱོགས་བསྡུས་དང་དབྱེ་ཞིབ་ཀྱི་ལས་ཀ་གཉེར་བ་ཡིན། བོད་ཀྱི་གནའ་བོའི་རུས་ཆེན་རྣམས་ཀྱི་བྱུང་རབས་དང་གཏམ་རྒྱུད། ལྷ་རབས་སོགས་བསྡུར་ཚེ། སྔོན་གྱི་སྐད་བརྡ་དང་ལོ་རྒྱུས་ཀྱི་ཞལ་རས་མང་པོ་གསལ་བར་འགྱུར་བསམས་ཏེ། ཡིག་ཆ་འཚོལ་བསྡུ་དང་རུས་ཁུངས་དབྱེ་ཞིབ་བྱས་ཡོད།


