རྐང་ཚའི་རིན་ཐང་སྒོར་དུང་ཕྱུར1.6གི་རྩ་བའི་བོད་ལུག་ཤ་ཁོག་ཁྲི18དངོས་སུ"པེ་ཅིང་དུ་སྐྱེལ་མགོ་བརྩམས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ས་གནས་ཀྱི་ནོར་ལུག་གི་ཆས་རྟགས་སྙན་གྲགས་མཐོ་རུ་གཏོང་བ་དང་མང་ཚོགས་ལ་ཡོང་སྒོ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། ད་ལོ་ནས་བཟུང་རྐང་ཚ་རྫོང་གིས<<རྐང་ཚ་རྫོང་གི་ནོར་ལུག་བཤས་གཏོང་གི་བྱ་དགའི་ཁ་གསབ་བྱ་ཐབས>>དང<<རྫོང་ཁོངས་ཕྱི་རོལ་དུ་ནོར་ལུག་ཐད་ཚོང་ཁང(ཐད་ཚོང་ཁང)འཛུགས་པའི་ཁ་གསབ་དང་བྱ་དགའི་བྱ་ཐབས>>སོགས་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་པ་དང་། རྫོང་རིམ་པའི་ནོར་སྲིད་ཀྱིས་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི300བཏོན་ནས་མང་ཚོགས་ཀྱིས་ལུགས་མཐུན་ངང་བཤས་གཏོང་བྱ་རྒྱུར་རོགས་རམ་བྱས་པ་དང་འབྲེལ་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཚན་གཙོ་བྱས་པའི་ནོར་ལུག་བྲིན་ཚོང་འོས་སྦྱོར་ཚན་ཆུང5ཆེད་མངགས་བཙུགས་ཏེ། ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་པ་དང་གཉེར་སྐྱོང་བྱེད་པོ་སོ་སོས་རྫོང་ཁོངས་ཕྱི་རོལ་དུ་ནོར་ལུག་ཐད་ཚོང་ཁང་འཛུགས་རྒྱུར་སྐུལ་མ་བཏང་བས། མིག་སྔའི་བར་ནོར་ལུག་ཁྲི42.57བཤས་གཏོང་བྱས་པ་དང་རིམ་རྩིས་བྱས་ན་ནོར་ལུག་ཤ་ཏུན5086བྲིན་ཚོང་བྱས་ཡོད། བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི322.065སྤྲད་དེ་རྫོང་ཁོངས་ཕྱིའི་ནོར་ལུག་ཐད་ཚོང་ཁང18བཙུགས།